མ་སུ་རི་བོད་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་༥༠ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ།

ཡར་ཐོན་གྱི་མི་གྲས་ཁོངས་སུ་ཚུད་པར་ཤེས་བྱ་ཡོན་ཏན་ཟེར་བ་མ་བྱུང་ཐབས་མེད་ཡིན། ཤེས་ཡོན་ཡར་རྒྱས་མ་སོང་བའི་མི་ལ་རྗེས་ལུས་ཀྱི་མི་རིགས་དང། རྒྱལ་ཁབ་དེར་རྗེས་ལུས་ཐེབས་པའི་ཡུལ་ལུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་བྱ་ཡོན་ཏན་ནི་ལག་ཆ་ལྟ་བུ་ཡིན། ལག་ཆ་དེ་ཕན་པའི་ལས་ལ་བེད་སྤྱོད་བྱེད་དང། གནོད་པ་ཞིག་བྱས་པ་གཉིས་ཀུན་སློང་བཟང་ངན་རག་ལུས་ཡོད། ཤེས་བྱ་ཡོན་ཏན་ཡོད་རུང་གཞན་ཕན་ལྷག་བསམ་གྱིས་ཕུངས་ན། ཤེས་ཡོན་དེ་དག་གིས་སྤྱི་ཚོགས་ནང་རྙོག་གྲ་འཕར་མ་དང། བརྡབ་གསིག་འཕར་མ། སྡུག་བསྔལ་འཕར་མ་བཅས་གཞན་ལ་གནོད་པ་ཆེ་བཟོ་སྲིད། དེ་ན་ཀུན་སློང་རྣམ་པར་དག་པ་ཞིག་དགོས་པ་ནི་ཤེས་ཡོན་གྱི་གཞི་རྟེན་ལྟ་བུ་ཡིན། བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་གངས་ཅན་བོད་ཀྱི་ལུང་པར་ཆོས་ཕྱོགས་ཀྱི་སྒོ་ནས་བསླབ་པ་སློབ་གཉེར་བྱ་ཡུལ་ཚད་མཐོའི་བཤད་གྲྭ་དང་སྒྲུབ་གྲྭ་དུ་མ་ཡོད་རུང། སྤྱི་ཚོགས་དམངས་ཁྲོད་དུ་ཤེས་བྱ་སྤྱི་དང། ཁྱད་པར་དུ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང། ཚན་རིག་ལག་རྩལ། དཔལ་འབྱོར་འཛུགས་སྐྲུན། འཛམ་གླིང་ཆབ་སྲིད་ཀྱི་འགྱུར་བའི་གནས་ཚུལ་སོགས་ཁེར་རྐྱང་ཟུར་སྡོད་ལྟ་བུར་གནས་པ་དེས་སྤྱི་སྒེར་གཉིས་ཀར་ཧ་ཅང་གི་གྱོང་གུན་ཆེན་པོ་བྱུང་ནས། རང་ཅག་རྣམས་རང་གི་རྒྱལ་ཁབ་བཞག་ནས་གཞན་གྱི་ཡུལ་དུ་བཙན་བྱོལ་ལ་གྱར་དགོས་པ་བྱུང་བ་དེ་ནས་ར་སྤྲོོད་གསལ་པོ་ཡོད་པས་སྣ་སུན་ཕོག་པ་བྱེད་དགོས།
དེ་ལྟའི་ཉམས་མྱོང་གཞི་རྩར་བཞག་ནས་རང་རེ་བཙན་བྱོལ་དུ་གནས་རིང་རང་འཚོ་ཐུབ་ཙམ་གྱི་བསམ་བློ་མ་བཏང་བར། རྩ་བའི་བསྒྲུབ་བྱ་བོད་དོན་མུ་མཐུད་རྩོད་ལེན་གྱིས་མཐར་རྒྱལ་ཁ་ལོན་ཐབས་ཀྱི་བསམ་བློ་གཏོང་གལ་ཆེ་བ་དང། དུས་ཚོད་ནི་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བ་དེ་ལ་ཁ་གསབ་བྱེད་ཐབས་མེད་པའི་གནད་ལ་དགོངས་ཏེ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས་ཐོག་མ་ཕྱག་ལས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་དམིགས་བསལ་གྱིས་དགོངས་རྒྱ་ཆེ་བཞེས་མཛད་དེ་ཆིབས་ཞབས་ཁོངས་དང་སྐུ་སྲུང་བོད་དམག། ཆུ་སྒང་བསྟན་སྲུང་དང་བླངས་དམག་ཁོངས། ཆོས་ལུགས་དང་ལམ་བཟོའི་ཁོངས་བཅས་ནས་ན་གཞོན་རང་ལོ་༡༣-༣༧བར་གྱི་མི་གྲངས་༥༨ བསྡུ་བསྐོང་གིས་སློབ་གྲྭ་དང་པོ་༡༩༦༠ ཟླ་༣ ཚེས་༣ ཉིན་ཀིལ་ཌར་ (KILDER) མདུན་ཐང་དུ་སྒོ་དབྱེའི་དར་ཚོན་༧གོང་ས་མཆོག་ནས་ཐུགས་སྨོན་རྒྱ་ཆེ་བཅས་འབྲེག་གནང་མཛད་དེ་ད་ཆ་ལོ་ལོ་༥༠ འགྲོ་ཡི་ཡོད། དེ་ནི་བཙན་བྱོལ་ནང་གི་བོད་མིའི་སློབ་གྲྭ་དང་པོ་དེ་ཡིན་པ་རེད། སྐབས་དེར་༧གོང་ས་མཆོག་ནས་ཀིལ་ཌར་ཁང་ཁོངས་དང་བཅས་པ་སྤུས་གཟིགས་ཀྱིས་སློབ་ཕྲུག་ཚོའི་ཉལ་ཁང་དང། འཛིན་གྲྭ་ཚུགས་ཡུལ། དབུ་འཛིན་དགེ་ལས་ཀྱི་ལས་ཤག ཡིག་ཚང། ཐབ་ཚང། གཉེར་ཚང་བཅས་སུ་བེད་སྤྱོད་གནང་ཡོད། དེ་རྗེས་སློབ་ཕྲུག་གི་གྲངས་འབོར་རིམས་འཕར་གྱི་ཧན་ཧིལ་(HERNE HILL) དང་ཨས་རན་ཧའོ་སེ་(AREN HOUSE) ཁང་ཁོངས་ས་ཆ་དང་བཅས་པ་སྤུས་གཟིགས་ཀྱིས་རིན་འབབ། སློབ་ཕྲུག་གི་འཚོ་གོས། གནས་མལ་སོགས་ཐོག་མའི་མཐུན་རྐྱེན་གྱི་འགྲོ་སོང་ཚང་མ་སྐུ་སྒེར་ཡིག་ཚང་ནས་དམིགས་བསལ་གསོལ་རས་བཀའ་དྲིན་བསྐྱངས་ཡོད། བོད་ཀྱི་སློབ་གྲྭ་ཟུར་འཛུགས་དགོས་དོན་གཙོ་བོ་ནི། བོད་མིའི་ཆོས་དང་རིག་གཞུང་དང། སྐད་ཡིག གཤིས་སྤྱོད་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང། བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་དེ་དག་ཁ་འཐོར་དུ་མི་འགྲོ་བ་མི་རིགས་འདྲེས་ལྷད་མེད་པར་གཙང་མར་གནས་ཐབས་བྱ་རྒྱུ་བཅས་ཡིན། སློབ་གྲྭ་འདི་ཐོག་མར་འགོ་འཛུགས་གནང་སྐབས་སློབ་སྤྱི་ཀུན་གླིང་ཛ་སག་འོད་ཟེར་རྒྱལ་མཚན་མཆོག་དང། ཕྱག་རོགས་སུ་ཕྲེང་རིང་ཛ་སག་འཇིགས་མེད་སུམ་རྩེན་དབང་པོ་རྣམ་གཉིས་བསྐོ་གཞག་གནང་བ་དང། ཕྲེང་རིང་ལྷ་ལྕམ་རིན་ཆེན་སྒྲོལ་མ་མཆོག་ནས་དགེ་རྒན་གྱི་མཛད་འཁུར་བཞེས་ཡོད། དེ་རྗེས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་གྲྭའི་འཛིན་སྐྱོང་རྩིས་བཞེས་གནང་སྟེ་སློབ་སྤྱི་ཕྲེང་རིང་ཛ་སག་ནས་ཐུགས་འཁུར་བཞེས་ཡོད། སྤྱིར་ན་སློབ་ཕྲུག་ཁོངས་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་མང་པོ་ཡོད་ཅིང། ཁོང་གིས་སློབ་ཕྲུག་རྣམས་ལ་སྙིང་ཉེའི་ཤ་ཚའི་ཐོག་ནས་བྱམས་བརྩེས་གཟིགས་སྐྱོང་ཕ་མ་དང་ཁྱད་མེད་གནང་བར་བརྟེན། སློབ་ཕྲུག་རྣམས་ནས་ཁོང་ལ་སློབ་གྲྭའི་པཱ་ལགས་སམ། ཕྲེང་རིང་པཱ་ལགས་ཞེས་གུས་བརྩི་ཆེན་པོ་ཞུ་གི་ཡོད། སློབ་གྲྭ་འདི་ནས་ཐོན་པའི་སློབ་ཕྲུག་མང་པོ་ཐོག་མར་རང་གཞུང་གི་ལས་ཁུངས་སུ་མ་ལག་བཅས་པའི་ནང་ཁ་ཚ་དགོས་གལ་གྱི་སྐད་བསྒྱུར་དང་ཡིག་འབྲིའི་ཞབས་འདེགས་ཞུས་པར་མ་ཟད། རིམ་པས་བཀའ་བློན་དང། སྤྱི་འཐུས། དྲུང་ཆེ་ཆུང། སྐུ་ཚབ་དོན་གཅོད། གཞིས་འགོ་བདེ་དོན། སྒེར་ལས་སོགས་ལས་རིགས་འདྲ་མིན་གྱི་རྒྱུན་འཛིན་མི་སྣ་ཐོན་པ་དེ་དག་གིས་ཐོག་མར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནང་མཐུན་རྐྱེན་ཞན་པའི་འོག་རང་རང་གི་ཤེས་ཚད་ནུས་པར་དཔག་པའི་ངལ་འཁུར་དང་ལེན་གྱིས་ཞབས་འདེགས་ཞུས་ཡོད་པ་བཙན་བྱོལ་བའི་ལོ་རྒྱུས་ཀྱི་ཁ་གྲགས་བཞིན་ཡོད།
དེ་ནི་སློབ་གྲྭའི་དབུ་འཛིན་དགེ་ལས་རྣམ་པས་ཞོགས་སྔ་ལངས་དང། དགོང་ཕྱི་ཉལ་གྱིས་སྐུ་ལས་བསྐྱོན་ཏེ་འཛིན་གྲྭ་དུས་ཚེས་ཙམ་མ་ཡིན་པར་ཞར་ཞོར་ལ་བོད་ཀྱི་ཆོས་དང་རིག་གཞུང། ལོ་རྒྱུས། དེང་གི་བཙན་བྱོལ་ནང་དང་ལྷག་པར་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་ཀྱི་སློབ་གསོ་རྒྱུན་མི་ཆད་པ་གནང་བར་བརྟེན། སློབ་ཕྲུག་ཚོའི་རྒྱལ་གཅེས་རིགས་ཞེན་ལྷག་བསམ་གྱི་སེམས་ཤུགས་གོང་མཐོར་སོང་བའི་འབྲས་བུ་ཡིན། སློབ་གྲྭ་འདི་ཐོག་མར་འགོ་འཛུགས་སྐབས་ཀྱི་གནས་སྟངས་དང་ད་ལྟའི་གནས་སྟངས་གཉིས་བསྡུར་ན་ཕྱིའི་མཐུན་རྐྱེན་ལ་ཁྱད་པར་ཆེན་པོ་ཡོད། སྐབས་དེའི་འཚོ་གོས་ཀྱི་གནས་སྟངས་དང། སློབ་གྲྭའི་ཆ་རྐྱེན་ཞན་པོ་ཡོད། དེང་སྐབས་གང་ཅིའི་གནས་སྟངས་ཧ་ཅང་ཡག་པོ་ཡོད་པས། གཙོ་བོ་ཕྱི་ནང་གི་ཤེས་ཡོན་སྤྱི་དང། ལྷག་པར་བསམ་བློ་ཀུན་སྤྱོད་སེམས་བཟང་གཞན་ཕན་ལ་བརྩོན་པའི་བོད་མི་ཡ་རབས་ཤིག་ཡོང་ཐབས་བྱེད་དགོས། དེ་ལྟར་མ་བྱུང་ན། སློབ་སྦྱོང་བྱས་པའི་དགོས་པ་མ་འགྲུབ་པ་ཡིན། ཚེ་འདི་སྒང་གི་མདུན་ལམ་དང་ཕྱི་མའི་མདུན་ལམ་གང་ལ་ཡང་ཤེས་བྱ་ཡོན་ཏན་མེད་ཐབས་མེད་པ་ཞིག་ཡིན། རང་ལ་ཤེས་ཡོན་ཡོད་ན་སྤྱི་ཚོགས་ཀྱི་བརྩི་བཀུར་བྱེད་པ་དང། སྐད་ཆ་ཞིག་བཤད་ཀྱང་མིས་ཉན་འཇོགས་བྱེད་ཀྱི་རེད། ཤེས་སྤྱོད་གཉིས་ལྡན་གྱི་སྤྱི་ཚོགས་ཀྱི་མིག་དཔེ་འོས་པ་ཞིག་བྱེད་ཐུབ་ན། རང་གཉིས་སྨོས་ཅི་སློབ་གྲྭའི་མཚན་དོན་ལའང་དེས་ཕན་གྱི་རེད། བོད་མིར་ངོམ་རྒྱུ་ཡང་དེ་ནས་ཡོང་གི་རེད། རང་ཅག་རྣམས་མི་རིགས་གཞན་པ་དང་མི་འདྲ་བར་རང་ཡུལ་རང་ལག་ཏུ་སོན་ཐབས། འགྱེལ་ས་ནས་ལངས་ཐབས་བྱེད་དགོས་པའི་ལས་འགན་ལྕི་མོ་ཞིག་ཡོད། བོད་ནང་དཔོན་པོ་ཕྱི་མི་ཞིག་སླེབས་པའི་རྐྱེན་གྱིས་བོད་མིའི་རིག་གཞུང་ལ་ཉམ་ཉེས་དང། མི་རིགས་ཀྱི་གཤིས་སྤྱོད་གམ་གཤིས་བཟང་པོ་རྩ་བརླག། དངོས་ནོར་གཏེར་ཁ་སོགས་འཕྲོག་འཁྱེར་གྱིས་བོད་ཀྱི་སྣོད་བཅུད་ལ་ཉམས་ཆག་ཆེན་པོ་བཟོས་ཡོད། འདི་ཕྱོགས་རང་དབང་ལུང་པར་ཡོད་པའི་ནང་ཤེས་ཡོན་མེད་པའི་མི་ཁྱུ་གཅིག་བྱུང་བ་ཡིན་ན་གང་ཡང་མ་བྱུང་བ་རེད། ཤེས་ཡོན་མེད་ན་ལྷག་བསམ་ཡོད་ཀྱང་ནུས་པ་གང་ཡང་ཐོན་མི་ཐུབ། དེས་ནས་ཤེས་ཡོན་ཐོག་རིག་པ་བསྒྲིམས་དགོས། ཡང་ཤེས་ཡོན་ཡོད་ཀྱང་། ལྷག་བསམ་སེམས་ཤུགས་ཀྱིས་ཀོ་ཐག་ཀློད་ན་བཟང་ལས་གནོད་ཆེ་བ་བྱེད་རྒྱུའི་ཉེན་ཁ་ཡོད། ཤེས་ཡོན་དེ་སྤྱི་ཚོགས་ཀྱི་རྡོག་ཁྲེས་དང་མི་རིགས་ཀྱི་ཞབས་འདྲེན་དུ་མི་འགྲོ་བ་ཅིས་ཀྱང་བྱེད་དགོས། ལས་ཀ་ཞིག་བྱས་ཕྱིན་དེ་ལ་འགྲིག་དང་མི་འགྲིག་གི་སྐད་ཆ་ཤོད་མཁན་ཡོང་རྒྱུ་ཆོས་ཉིད་རེད། དཔེར་ན། ཆུ་དཀར་ཡོལ་གང་ལ་མཚོན་ན། ལྷས་བདུད་རྩི་དང་མིས་ཆུ། ཡི་དྭགས་ཀྱིས་ཁྲག་རྣག་མཐོང་བ་བཅས་དངོས་པོ་གཅིག་ལ་ལས་ཀྱི་དབང་གིས་མཐོང་སྣང་མི་འདྲ་བ་ཡོང་གི་ཡོད། གཅོ་བོ་སོ་སོའི་ངོས་ནས་ངོ་ལྐོག་རྒྱབ་མདུན་མེད་པ་དང་། འདི་ཕྱི་ལས་འབྲས་འཕེར་བ་ཞིག་བྱེད་དགོས། དེ་ལྟར་གནས་སྐབས་ཤིག་ཕམ་ཡང། བདེན་པར་ནུས་པ་ཡོད་པས་རིམ་པས་མཐའ་གསལ་ཡོང་གི་རེད། སློབ་གྲྭ་འདི་ཐོག་མར་འགོ་འཛུགས་སྐབས་ནས་བཟུང་དཀའ་ལས་བསྐྱོན་མཁན་གྱི་དབུ་འཛིན་དགེ་ལས་མང་ཆེ་བ་ད་ལྟ་རང་རེའི་མིག་གི་སྤྱོད་ཡུལ་དུ་བཞུགས་མེད། ཡང་ཁག་གཅིག་ད་ལྟ་འཚོ་ཞིང་བཞུགས་ཡོད་པ་རེད། བཅའ་དངོས་ལ་ཆ་བཞག་ན་ཕྱི་བྱུག་ནང་བླུགས་ཀྱི་བཟོ་ལྟ་བཟོ་མཁན་ཁོང་རྣམ་པའི་ཐུགས་རྗེ་ལས་བྱུང་བ་ཡིན་པས། ད་རེས་ཀྱི་དུས་དྲན་འདིར་རྗེས་དྲན་ཞུ་འོས་པའི་གནས་ཤིག་ཡིན་པ་ཙམ་དུ་མ་ཟད་བཀའ་དྲིན་ནམ་ཡང་མ་བརྗེད་པ་དགོས་ངེས་ཡིན། ད་ལམ་གྱི་གོ་སྐབས་འདི་བརྒྱུད་དབུ་འཛིན་གཅིག་གི་འོག་འཚར་ལོང་དང་དགེ་རྒན་གཅིག་གི་དགེ་ཕྲུག ཐབ་ཚང་གཅིག་ནང་གཡོ་སྦྱོར་བྱས་པའི་འབྲས་དང་རྡ་ལི་ཀྲེང་མོ་བཅས་མཉམ་སྤྱོད་བྱེད་མཁན་གྱི་དགའ་སྐྱིད་མཉམ་འཚོ་བྱུང་བའི་གྲོགས་པོ་ཕོ་མོ་ལྷན་རྒྱལ་ལའང་མཛའ་བརྩེས་དྲངས་པའི་འཚམས་འདྲི་ཞུ་རྒྱུ་ཡིན།།