དགོངས་འཆར་མང་ཆེ་བ་གཅིག་མཐུན་རེད་འདུག

དེ་དག་སྲ་བརྟན་གཏོང་ཐུབ་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་སའི་སྤྱི་ཚོགས་དེ་སྲ་བརྟན་ཆགས་པ་རེད། དེའི་སྐོར་འདིར་འཛོམས་པའི་སྲི་ཞུ་བ་ཡོངས་རྫོགས། ཚོགས་ཆུང་བཅུ་ལ་བགོས་ནས་དགོངས་འཆར་ལེན་སྐབས་མང་ཆེ་བ་ཆ་མཐུན་པ་རེད་འདུག ཡིན་ནའང་ཚོགས་ཆུང་དེའི་སྒང་ལ་ཆེས་མཐོའི་ཚོགས་ཆུང་གཅིག་བཟོས་ཡོད་པས། ཚོགས་ཆུང་དེས་འཆར་སྣང་དགོངས་འཆར་ཕྱོགས་བསྡོམས་བྱས་ནས། གནད་དོན་ལོགས་སུ་འདོན་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད།
ངས་ཚགས་པར་འདི་བརྒྱུད་ནས་གལ་ཆེ་ཤོས་གཅིག་ཞུ་རྒྱུ་ནི། བཙན་བྱོལ་གཞུང་གི་སྲི་ཞུ་བ་ཡོངས་རྫོགས་བསྡོམས་ནས་ཚོགས་འདུ་གནང་བ་འདི། བར་སྐབས་ཤིག་ནས་དང་པོ་དེ་ཆགས་བསྡད་ཡོད་པ་རེད་ལ། སྲི་ཞུ་བ་ཚང་མས་ཆ་ཤས་དོན་དང་ལྡན་པ་བླངས་ནས་ཡག་པོ་བྱུང་ཡོད་པ་དང། བཀའ་ཤག་གི་ངོས་ནས་རྒྱུན་དུ་དགོངས་བཞེས་གནང་སྟངས་དང། ད་རེའི་དགོངས་འཆར་ཇི་བྱུང་ཕྱོགས་མཐུན་ཡོད་པ་ཞིག་ཡིན་འདུག  བཀའ་ཤག་གིས་མཇུག་བསྡོམས་གསུང་བཤད་ནང་ལ་བཀའ་གནང་སོང་། དེར་བརྟེན་སྲི་ཞུ་བའི་བསམ་བློའི་འཁྱེར་སོ་དང་བཀའ་ཤག་གི་དགོངས་པ་བཞེས་ཕྱོགས་གཉིས་ཆ་མཐུན་གྱི་ཡོད་པ་དེ། གཞུང་གི་འཛིན་སྐྱོང་གི་ཆ་རྐྱེན་བཟང་ཤོས་གཅིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག
དྲི་བ། འཆར་སྣང་བགྲོ་གླེང་ནང་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་སོགས་ཀྱི་སྐོར་ནས། ཤུགས་ཆེ་ཤོས་ག་རེའི་སྐོར་ལ་དགོངས་འཆར་བྱུང་ཡོད་དམ།
ལན། ཚོགས་ཆུང་ཚང་མའི་ནང་ནས་འགྲེལ་བཤད་ཟབ་མིན་མ་གཏོགས། དཔེར་ན། ཆབ་སྲིད་ཐོག་ནས་ཡིན་ན་རྒྱ་བོད་གཉིས་ཀྱི་ཞི་མོལ་གྱི་བཀའ་མོལ་འགྲོ་བཞིན་ཡོད་པ་དང། དེ་ལ་རྒྱ་ཕྱོགས་ནས་དམིགས་གསལ་ཚད་དང་ལྡན་པའི་གསལ་བརྡ་ཞིག་བྱུང་ཡོད་མ་རེད་ལ། དེ་མུ་མཐུད་ནས་མ་བྱུང་ན་མ་འོངས་པར་ཐབས་ལམ་གཞན་དག་ག་རེ་ཡོད་མེད་དང་། དེ་བཞིན་༧གོང་ས་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོར་ཡིད་ཆེས་སྲབ་ཏུ་འགྲོ་ཡི་ཡོད་པ་དང་། རྒྱ་ནག་མི་མང་ལ་འབྲེལ་བ་གནང་ཕྱོགས་སོགས་བཀའ་སློབ་སྔ་རྗེས་མང་པོ་གནང་ཡོད་པ་རེད། དེ་དང་འབྲེལ་ནས་དེ་རིང་གི་ཚོགས་ཆུང་མང་པོའི་ནང་ནས། ཕྱི་སྡོད་རྒྱ་རིགས་ཚོ་དང་བཀའ་མོལ་གནང་བཞིན་པ་ཡིན་རུང་། དེ་ཙམ་དུ་མིན་པ་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ཝན། ཧོང་ཀོང་སོགས་རྒྱ་མི་རིགས་གང་དུ་ཡོད་པ་ཚང་མར་འབྲེལ་ལམ་འཛིན་དགོས་པ་དེ་གལ་ཆེན་ཡིན་པའི་སྐོར་འཆར་སྣང་དགོངས་འཆར་ཤུགས་ཆེན་པོ་བྱུང་སོང་།
དྲི་བ། ཤེས་ཡོན་གྱི་ཐོག་ལ་འཆར་སྣང་དགོངས་འཆར་བྱུང་ཡོད་དམ།
ལན། ཤེས་ཡོན་གྱི་ཐོག་ལ་ཞེ་དྲག་རྒྱ་ཆེན་པོ་བྱུང་སོང་།  དེ་ཡང་གཙོ་བོར་ད་ལྟ་བཙན་བྱོལ་གཞུང་གིས་ཤེས་ཡོན་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དེ། མཇུག་སྐྱོང་དང་ཚགས་ཚུད་ཡོང་བའི་ཆེད་དུ་ད་དུང་ཤུགས་སྣོན་རྒྱག་དགོས་རྒྱུ་དང་། དེ་བཞིན་བོད་རིགས་ཀྱི་མ་འོངས་པའི་སོན་རྩ་གསོ་སྐྱོང་བྱེད་པ་ལ། ཤེས་ཡོན་གྱི་གནས་ཚད་ཚད་དང་ལྡན་པ་ཞིག་ཡོད་དགོས་པ་དེ་ཡོངས་གྲགས་ཡིན་པ་དེ།  སུ་ལ་རག་ལས་ཀྱི་ཡོད་རེད་ཟེར་ན་དགེ་རྒན་ལ་རག་ལས་ཀྱི་ཡོད་པས། འབྱུང་འགྱུར་དགེ་རྒན་རྣམས་ལ་མཚན་མཐོང་ཆེན་པོ་བྱེད་དགོས་པ་དང། དེ་དང་མཉམ་པའི་མཐུན་རྐྱེན་སྦྱར་དགོས་རྒྱུ་དེ་གལ་ཆེན་པོ་འདུག་ཟེར་ནས་དགོངས་འཆར་སླེབས་ཡོད་པ་རེད།
དྲི་བ། གཞིས་ཆགས་སྲ་བརྟན་ལ་འཆར་སྣང་བགྲོ་གླེང་གང་བྱུང་ཡོད་དམ།
ལན། གཞིས་ཆགས་སྲ་བརྟན་ཐོག་ལ་ཆ་མཚོན་ན། གཞིས་ཆགས་ཁག་ནི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་སྲུང་སྐྱོབ་བྱེད་སའི་གླིང་ཕྲན་ལྟ་བུ་ཆགས་བསྡད་ཡོད་པས། གཞིས་ཆགས་དེའི་ནང་ལ་དེང་སྐབས་གཞོན་སྐྱེས་མང་པོ་ཞིག་གནས་སྡོད་བྱེད་པར་དཀའ་ངལ་མང་པོ་ཞིག་འཕྲད་སྡོད་ཀྱི་ཡོད་པ་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་གཞིས་ཆགས་ཡུན་རིང་དུ་གནས་ཐུབ་ན། གཞོན་སྐྱེས་ཚོར་སོ་ནམ་ཞིང་ལས་ཀྱི་གཞི་རྩ་ཞིག་ཡོད་པའི་ཐོག་ནས། ད་དུང་བཟོ་ལས་དང་། ཚོང་རས་མཚོན་པའི་དགོས་མཁོ་ཁག ལྷག་པར་དུ་ཞིང་ལས་ཡིན་པ་ཡིན་ན། ད་ལྟའི་ཆར་མང་པོ་ཞིག་གིས་ཆར་དུས་གཅིག་པུར་བརྟེན་སྡོད་ཀྱི་ཡོད་རེད། འབྱུང་འགྱུར་དེ་དག་ལ་ཆུ་འདྲེན་ལ་སོགས་ཆུའི་མཐུན་རྐྱེན་སྦྱར་རྒྱུ་དང། དེ་བཞིན་གློག་གི་མཐུན་རྐྱེན་ཡག་ཏུ་བཏང་ནས་བཟོ་གྲྭ་ཆུང་ཁག་རིགས་འཛུགས་རྒྱུ་ལ་སོགས་པ། མདོ་དོན་གཞོན་སྐྱེས་ཕྱི་ལོག་ལ་ལས་ཀ་དེའི་རིགས་ཀྱི་ཆེད་དུ་འགྲོ་མཁན་ཚོ། ཚུར་འགུག་ཐབས་དང་ནང་འདྲེན་བྱེད་དགོས་པ་ཡིན་པས། ནང་འདྲེན་དེའི་ཆེད་དུ་མ་རྩ་ཆེད་འཛུགས་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེ་བ་འདུག་གསུང་མཁན་གྱི་དགོངས་འཆར་སྤྱི་ཡོངས་རེད་འདུག
དྲི་བ། དགོངས་འཆར་དེ་དག་ལག་ལེན་ལ་བསྟར་ཕྱོགས་ག་འདྲ་ཡིན་ན།
ལན། སྲི་ཞུ་བའི་ཚོགས་ཆུང་ཁག་གི་དགོངས་འཆར་འདི་འདྲ་རེད་ཟེར་ནས་འཛིན་སྐྱོང་བཀའ་ཤག་ལ་འབུལ་རྒྱུ་རེད། དགོངས་འཆར་དེ་དག་ལག་ལེན་ཐུབ་པ་གང་དང་། མ་ཐུབ་པ་གང་ཡིན་མིན་འཛིན་སྐྱོང་བཀའ་ཤག་གིས་ཐག་གཅོད་གནང་རྒྱུ་རེད། བཀའ་ཤག་གིས་ཐུབ་པ་དེ་ཚོར་མཐུན་རྐྱེན་གང་དང་གང་འདུ་འགོད་གནང་དགོས་ཀྱི་ཡོད་མེད་བཅས། སྲིད་ཇུས་གཏན་འབེབས་བྱེད་མཁན་ཞིག་དང་། འཛིན་སྐྱོང་གི་འགན་བཞེས་མཁན་ཚོས་མཇུག་བསྡུས་གནང་རྒྱུ་རེད་མ་གཏོགས། ལས་བྱེད་བྱེ་བྲག་པ་གཅིག་གིས་མཐུན་རྐྱེན་དེ་འདྲ་དགོས་ཀྱི་ཡོད་ཟེར་ནས་ཡོང་ཐུབ་རྒྱུ་མ་རེད་ལ། ཞུ་མཁན་ཡང་ཡོད་པ་མ་རེད།
དྲི་བ། འདས་པའི་ལོ་བཅུའི་ནང་ལག་བསྟར་མ་བྱས་པའམ། ཡང་ན་བསམ་བློ་མ་འཁོར་བའི་ལས་དོན་གྱི་རིགས། འབྱུང་འགྱུར་ལོ་ལྔ་བཅུའི་ནང་ལག་བསྟར་བྱེད་དགོས་པའི་དགོངས་འཆར་གསར་པ་དེ་འདྲ་བྱུང་ཡོད་དམ།
ལན། དེའི་ཐད་བཀའ་ཤག་གི་མཇུག་བསྡོམས་ཀྱི་གསུང་བཤད་ནང། ད་ལྟའི་སྲི་ཞུ་བའི་དགོངས་འཆར་རྣམས་བསྡུས་ན་ཕྱོགས་བཞིའི་ནང་བསྡུ་ཆོག་པ་དང། དེའི་ནང་ནས་དགོངས་འཆར་དང་པོ་དང་གཉིས་པ། འཛིན་སྐྱོང་དང་ཐད་ཀ་འབྲེལ་བ་མེད་པའི་ཆ་ནས། འཛིན་སྐྱོང་གིས་ཐད་བྱུས་གནང་ཐུབ་རྒྱུ་མེད་པས་རྩིས་མེད་འགྲོ་ཡི་ཡོད་པ་དང་། དགོངས་འཆར་གསུམ་པའི་ནང་ལ་མང་པོ་ཞིག་བཀའ་ཤག་ནས་སྔོན་མ་དགོངས་པར་འཁོར་ཡོད་པ་གང་ཞིག་ལ། ལག་བསྟར་བྱེད་སྐབས་དུས་ལ་མ་རན་པ་དང་ཏག་ཏག་འགྲོ་མ་ཐུབ་པ། ཆ་རྐྱེན་གཞན་མ་འཛོམས་པའི་གནད་དོན་གྱི་ཐོག་ནས་འགག་བསྡད་པའི་རིགས་གཅིག་ཡོད་པ། ཡང་རིགས་ཁ་ཤས་ལམ་སེང་ལག་ལེན་ལ་འཁེལ་དགོས་པའི་གནས་ཚུལ་གྱི་རིགས་མང་པོ་ཞིག་འདུག་པས། དེ་དག་གང་མགྱོགས་མགྱོགས་ལག་ལེན་ལ་བསྟར་གྱི་ཡིན་ཞེས། བཀའ་བློན་ཁྲི་པ་རིན་པོ་ཆེ་ནས་མཐའ་མའི་མཇུག་བསྡོམས་དོན་ཚན་བཞིའི་ཐོག་ནས་གསུངས་སོང།།