རྒྱ་ནག་གི་ལས་འཚོལ་བས་མི་མང་གསང་སྤྱོད་ཉལ་ཁང་བཟོས་པ།

དེ་ཡང་ཟླ་འདིའི་ཚེས་༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་འདིའི་ནང་རྒྱ་ནག་སྲིད་གྲོས་ཀྱི་ལོ་འཁོར་ཚོགས་ཆེན་འཚོག་ལ་ཉེ་བའི་སྐབས་དང་བསྟུན་ནས། གྲོང་གསེབ་དང་ས་མཐའ་ནས་ཡོང་བའི་ལས་འཚོལ་བ་ཚོའི་དཀའ་ངལ་སེལ་ཆེད་དུ། དྲ་གནས་ཐོག་ཏུ་གྲོང་ཁྱེར་གྱི་ཁང་པ་དེབ་སྐྱེལ་ཐོ་འགོད་བྱེད་པའི་སྒྲིག་གཞིར་འགྱུར་ལྡོག་གཏོང་དགོས་པའི་བསམ་ཚུལ་ཤོད་མཁན་མང་པོ་བྱུང་ཡོད་པ་དེ། ལས་འཚོལ་བ་ཚོའི་སྡོད་གནས་ཀྱི་དཀའ་ངལ་སེལ་ཐབས་སུ་བཟང་ཕྱོགས་ཀྱི་འགྱུར་བ་རེད་ཅེས་བརྗོད་མཁན་བྱུང་ཡོད་པ་རེད།
དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཕྱོགས་མཐའ་ནས་ཡོང་བའི་ལས་འཚོལ་བ་ས་ཡ་མང་པོ་ཡོང་གི་ཡོད་པས། གཞུང་གི་ངོས་ནས་གྲོང་གསེབ་དང་ཞིང་པ་རྣམས་ལ་གང་བྱུང་ཁང་གླ་གཏོང་མི་ཆོག་པའི་སྒྲིག་གཞི་སྔོན་མ་ཡོད་པ་རྣམས་ལག་བསྟར་བྱེད་དགོས་པའི་བཙན་བཀའ་བཏང་བས། ལས་འཚོལ་བ་ཕོ་མོ་དབྱེར་མེད་ཀྱིས་མི་མང་གསང་སྤྱོད་སྡོད་ཁང་ལྟ་བུ་བཟོས་ནས་གནས་སྡོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། མི་རིགས་དབྱེ་འབྱེད་དང་རིགས་རུས་མཐོ་དམན། འབྱོར་ཕྱུག་གྲལ་རིམ་སོགས་ཀྱི་དབྱེ་འབྱེད་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྣམ་པ་ཐོན་བཞིན་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་སོགས་ཀྱི་ཐད་ལ། གྲོང་གསེབ་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་ལས་འཚོལ་བ་ཚོར། དཀའ་ངལ་ཧ་ཅང་མང་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།