ཚེ་ སྲོག་གི་གྱོང་རྒུད་ལ་ཁ་གསབ་ཇི་ལྟར་བྱ་ཐུབ་བམ། ?

ནམ་རྒྱུན་ང་གཉིས་ལས་འགུལ་དེ་ཡི་སྐོར་གླེང་སྐབས་རྩོད་གླེང་མང་པོ་ཞིག་བྱས་དགོས་པ་མ་ཟད་སྐབས་རེར་ཚིག་ཚོན་འཕེན་རེས་ཁོ་ནས་འཇུག་བསྐྱལ་དགོས་པའང་བྱུང་མྱོང་།འོན་ཀྱང་སྟེགས་དབང་ངམ་ལས་དབང་གང་གིས་རྐྱེན་ཡིན་མི་ཤེས་མོད། ང་གཉིས་བར་ལ་ཐུན་མོང་ཐོག་ཁས་ལེན་མི་ཐུབ་པའི་གནས་དོན་མང་པོ་ཞིག་ཡོད་ན་ཡང་།ངས་དྲ་ངོས་སུ་བཤད་རེས་བཏང་ས་མང་ཤོས་ཁོ་པ་རེད། ངས་བོད་ཀྱི་འཐབ་རྩོད་སྐོར་ནམ་གླེང་ཁོས་འཆར་ཅན་ལྟ་བུར་རྒྱལ་ཁབ་བརྟན་ལྷིང་་ནི་བདེ་སྐྱིད་ཀྱི་གཞི་རྩ་རེད་།རྒྱལ་ཁབ་ཀྱི་བརྟན་ལྷིང་གི་སླད་དུ་རྒྱལ་ཕྱི་ནང་ནང་གི་སྤུན་ཟླ་ཚང་མས་འཆམ་མཐུན་ཡོང་ཐབས་ལ་ཤུགས་སྣོནདང་བརྩོན་པ་སྐྱེས་འོས།ད་དུང་བརྟན་ལྷིང་གཏོར་བརླག་གཏོང་མཁན་གྱི་མི་ངན་དག་གི་མགོ་བོ་བྲེག་ན་འང་འོས་འཚམས་ཡིན་རབས་གླེང་གི་ཡོད།དེ་རིང་ང་གཉིས་གཏམ་གླེང་མང་པོ་ཞིག་བྱས་མཐར་སྐད་ཆའི་མེ་ལྕེ་གནམ་བདེ་སྒོ་མོ་ཐང་དུ་སློབ་ཕྲུག་བསད་པའི་དོན་རྐྱེན་དང་།སི་ཁྲོན་ས་ཡོམ་བརྒྱབ་པའི་དོན་རྐྱེན་ལ་མཆེད་སོང་། ཁོ་པས”དོན་རྐྱེན་འདི་གཉིས་ཀྱིས་ཀྲུང་གོའི་ཤེས་རིག་དང་དཔལ་འབྱོར་གྱོང་རྒུད་ཚབས་ཆེན་འཕོག་ཡོད་པ་དང་།ལྷག་པར་དུ་མི་སྒེར་ལ་དེས་བས་ཀྱང་གྱོང་རྒུད་འཕོག་ཡོད་ཟེར།ངས་ཁྱོད་ཚོའི་རྒྱལ་ཁབ་ནི་དཔལ་འབྱོར་འཕེལ་ཤུགས་ཆེི་བའི་ཁྱིམ་ཚང་ཞིག་རེད།དཔལ་འབྱོར་འགྲོ་གྲོན་བཏང་ནས་མི་སྒེར་གྱི་གྱོང་རྒུད་མཐའ་དག་ཁ་གསབ་བྱས་ཡོད་ཤག་རེད་ལབ་དུས་ཁོས་དཔལ་འབྱོར་གྱིས་རོགས་སྐྱོར་ཇི་ལྟར་བྱས་ཀྱང་ཚེ་སྲོག་གི་གྱོང་རྒུད་ལ་ཁ་གསབ་ཇི་ལྟར་བྱ་ཐུབ་བམ་ཟེར།ངས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཁོ་ཡི་སྐད་ཆའི་ཚིག་རྔ་གནོན་ཏེ།རེད་ཡ ཁྱོད་ཀྱིས་བཤད་པ་ལྟར་ཚེ་སྲོག་ནི་རླབས་ཆེན་རེད།དཔལ་འབྱོར་གལ་ཆེན་ཡིན་ཡང་མི་ཡི་ནུས་ཤུགས་ལ་བརྟེན་ནས་མཁོ་སྒྲུབ་བྱ་ཐུབ།འོན་ཀྱང་ཚེ་སྲོག་མི་ཡི་ནུས་ཤུགས་ལ་བརྟེན་ནས་སླར་གསོ་བྱེད་ཐུབ་བམ།སྔར་ལོར་བོད་དུ་དོན་རྐྱེན་བྱུང་སྐབས་རྒྱ་གཞུང་གིས་ཨ་སྒོར་ས་ཡ་མང་པོའི་གྱོང་རྒུད་འཕོག་རབས་སྒྲོག་པ་ལྟར་བདེན་པའི་དབང་དུ་བཏང་ན་ཡང་།མི་ཡི་ནུས་ཤུགས་དང་འབད་བརྩོན་ལ་བརྟེན་ནས་སླར་གསོ་དང་ཁ་གསབ་བྱ་ཐུབ་ཀྱི་རེད།མི་རིགས་ཀྱི་བདེ་སྡུག་གླེང་བའི་་ཉེས་མེད་བོད་མི་དེ་དག་གི་ཚེ་སྲོག་ཇི་ལྟར་བྱས་ཀྱང་ཕྱིར་ལོག་ཐབས་མེད་ཅེས་བཤད་པ་ཡིན།

ཁོ་དེ་རིང་ནམ་རྒྱུན་དང་གཏན་ནས་མི་འདྲ་བར་ང་ཡི་སྐད་ཆ་ལ་རྒོལ་གཏམ་སྤེལ་རྒྱུའི་ཚབ་ཏུ་ཁྱེད་ཀྱིས་མུ་འཐུད་ནས་ཤོད་དང་ཟེར།ངས་ཀྲུང་གོ་བ་ཁྲི་ཚོ་འགའ་འཇའ་པན་གྱིས་དམར་གསོད་བཏང་པའི་སྐྱོར་གར་དང་།རྒྱ་དམར་གྱིས་བོད་མི་དག་གི་ཚེ་སྲོག་འཕྲོག་པའི་སྐྱོར་གར་གཉིས་གཅིག་མཚུངས་རེད།གང་ཡིན་ཟེར་ན།རྒྱ་མི་དང་བོད་མི་གཉིས་ཀྱི་ཚེི་སྲོག་གི་རིན་ཐང་དོ་མཉམ་རེད་ལབ་པས་།ཁོས་ཁྱེད་ཀྱིས་སྐད་ཆ་དེས་ང་ལ་ཚོར་སྣང་ཁྱད་འཚར་ཞིག་སྐྱེས་བཅུག་སོང་།ངས་བསམ་བློ་ཞིབ་མོ་ཞིག་བཏང་ནས་རྗེས་སུ་ལན་འདེབས་བྱ་རྒྱུ་ཡིན་ཟེར།ཉིན་ཤས་རྗེས་ང་ཡི་དྲ་སྒམ་དུ་འཕྲིན་ཐུང་ཞིག་བཞག་འདུག དེའི་ནང་བརྗོད་གསལ་གྲོགས་པོ་ཡ དགོངས་དག ངས་ད་བར་བོད་ཀྱི་དཔལ་འབྱོར་དང་ཤེས་རིག་ མི་ཡི་རིན་ཐང་བཅས་ལ་སྤུན་ཟླ་ཡི་འདུ་ཤེས་དང་ཤ་ཚའི་འདུ་ཤེས་ཀྱི་ཐོག་ནས་བསམ་བློ་གཏན་བཏང་མྱོང་ཡོད་མི་འདུག ཉེ་ཆར་དོན་རྐྱེན་ཁྲོད་ཚེི་སྲོག་ཤོར་བའི་བོད་མི་དག་ལ་ཇི་ལྟར་བྱས་ཀྱང་ཁ་གསབ་བྱ་ཐབས་བྲལ་བས་ངས་ཁྲེལ་མེད་དབང་འཛིན་པ་ཚོའི་ཚབ་བྱས་ཏེ།སྙིབ་ཐག་པ་ནས་འགྱོད་བཤགས་དང་དགོངས་སེལ་ཞུ་རྒྱུ་ཡིན་།ཞེས་འཁོད་འདུག ངས་དེའི་ལན་དུ་དཔལ་འབྱོར་དང་དངུལ་དངོས་ཀྱིས་ཚེ་འདས་རྣམས་ལ་གུན་གསབ་བྱ་མི་ཐུབ་ཀྱང་།ཁོ་ཚོའི་སེམས་ཀྱི་འབོད་སྒྲ་སྟེ།རང་དབང་དང་ཐོབ་ཐང་ཞེས་པའི་ཚིག་འབྲུ་གཉིས་པོར་རྒྱ་གཞུང་དང་མི་དམངས་གཉིས་ཀྱིས་ཁས་ལེན་དང་ལན་འདེབས་འོས་འཚམས་ཤིག་བྱ་ཐུབ་ན།ཚེ་འདས་རྣམས་ཀྱི་རེ་བ་འགྲུབ་ངེས་རེད།ཅེས་བྲིས་པ་ཡིན།དུས་དེ་ནས་བཟུང་ང་གཉིས་དྲ་ངོས་ནམ་ཐོག་ལ་ཁ་རྡུང་གཏོང་རེས་གཏན་ནས་བྱེད་མི་དགོས་པ་འགྱར་བ་མ་ཟད།ཁོས་བོད་ལ་འཛིན་ལྟ་ཚུལ་ལ་འགྱུར་བ་་ཐེབས་ཏེ།ད་ཆར་རྒྱ་བོད་མི་རིགས་གཉིས་འདྲ་མཉམ་ཡིན་དགོས་པའི་ལྟ་ཚུལ་འཛིན་གྱི་འདུག ད་དུང་རང་བཙན་གླེང་དུས་ཁ་བྲལ་རེད་ཟེན་ནས་ཁས་ལེན་མི་བྱེད་ན་ཡང་།བོད་རིགས་ཡོངས་རྫོགས་གཅིག་སྒྲིལ་གྱི་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག གུང་ཞུས་རྒྱ་རིགས་སློབ་ཕྲུག་དེའི་སློབ་གྲོགས་ཡིན་པ་ང་ཡི་དྲ་གྲོགས་བོད་རིགས་བུ་ཞིག་གིས་བཤད་པ་ལྟར་ན་དེང་སང་སློབ་ཕྲུག་དེས་བོད་སྐོར་དོ་སྣང་ཆེས་ཆེར་ཕྱིན་ཏེ།དེར་ཡོད་བོད་རིགས་སློབ་ཕྲུག་ཚོར་བོད་སྐོར་ལ་དྲི་བ་མང་པོ་དྲིས་པ་མ་ཟད།བོད་དུ་བྱུང་བའི་ཞི་རྒོལ་ཁག་ཀྱང་འོས་འཚམས་དང་ཐོབ་ཐང་ཡོད་ལུགས་བརྗོད་མཁན་ཞིག་ཏུ་གྱུར་འདུག་ཟེར།

གནས་སྟངས་འདི་ལ་བརྟེན་ནས་ང་ལ་ཚོར་སྣང་དྲོད་ལྷང་ལྷང་ཞིག་བྱུང་བ་ནི་བདེན་པ་འཚེ་བ་མེད་པའི་སྟོབས་ཤུགས་ནི་སུས་ཀྱང་གསུབ་མི་ནུས་པ་དང་ འགེབས་མི་ཐུབ་པ་ཡིན་པའི་ངེས་ཤེས་དྲངས་པ་དེ་རེད།གང་ཡིན་ཟེར་ན།ཆུང་བྱིས་པའི་དུས་ནས་གུང་ཁྲན་གྱིས་རྫུན་བཟོའི་དྲིལ་བསྒྲགས་འོག་འཚར་ལོངས་བྱུང་བའི་མི་ཞིག་ལ་བདེན་པའི་གནས་ལུགས་ཐར་ཐོར་རེ་འགྲེལ་བརྗོད་བྱས་པ་ཙམ་གྱིས་བསམ་བློ་ལ་འཕོ་འགྱུར་བཏང་ཐུབ་པ་དེས་མཚོན་ཐུབ་སྙམ།དེས་ན་༧གོང་ས་མཆོག་གི་དགོངས་གཞི་བཞིན་རྒྱ་རིགས་སྤྱི་དང་ལྷག་པར་དུ་ཤེས་ཡོན་ཅན་དང་རྒྱ་ནག་གི་མ་འོངས་པའི་ཁ་ལོ་བ་སློབ་ཕྲུག་ཚོར་ང་ཚོའི་འཐབ་རྩོད་སྐོར་འགྲེལ་བརྗོད་གསལ་པོ་རེ་བྱ་ཐུབ་ན་།ང་ཚོའི་དགོས་འདུན་ལ་རྒྱབ་སྐྱོར་ཐོབ་པའི་གདེངས་དང་བློ་སྤོབས་ཀྱི་ཚད་མཐོན་པོ་འདུག་གོ མཐའ་དོན་དྲ་ངོས་ནས་རྒྱ་རིགས་ཚོ་དང་གཏམ་གླེང་རེས་བྱེད་མཁན་གྱི་རང་རིའི་སྤུན་ཟླ་ཚོས་རྒྱ་རིགས་ཚོ་དང་ནམ་ཐུག་ལ་ཁ་རྡུང་བཏང་རེས་བྱེད་ཀྱང་མ་ཡིན་པར་བཟོད་སེམས་ཀྱིས་སྒོ་ནས་ཁོ་ཚོའི་སྐྱོ་སྒར་དང་ང་ཚོའི་སྐྱོ་སྒར་མཚུངས་བསྡུར་དང་།འཐབ་རྩོད་ཀྱི་རྒྱུད་རིམ་གསལ་པོ་ངོ་སྤྲོད་བྱ་རོགས་ཞུ།གང་ཡིན་ཟེར་ན་འདི་ལྟར་མང་ཙམ་བྱ་ཐུབ་ན་ང་ཚོའི་རྒྱབ་ཏུ་ལོངས་པའི་རྒྱ་རིགས་སྤུན་མང་པོ་སྐྱེས་བསྲིངས་བྱ་ཐུབ་པ་འང་ངེས་གཏན་རེད་དོ། ༢༠༠༩ ༨ ༡༥ ཉིན་བྲིས།