གནས་འདི་ན་དབྱིན་ཕོ་དང་མཉམ་དུ་ཁེ་ཚོང་གཉེར་མཁན་ཡང་འདུག

དེའི་ཉིན་གཉིས་ཀྱི་རྗེས་མ་སྟེ་ལོ་སར་ཚེས་གསུམ་གྱི་ཉིན་ང་དང་རྩོམ་པ་པོ་འཆམ་ར་དྲི་མེད་གཉིས་ཀེ་ལ་ཤ་ཡི་ཟ་ཁང་གི་ཡང་ཐོག་ཏུ་ཇ་འཐུང་བཞིན་གཏམ་གླེང་འདྲ་མིན་ལ་རོལ་ནས་བསྡད།ང་གཉིས་མདུན་གྱི་རྐུབ་སྟེགས་ཐོག་ཏུ་གསར་བུ་གཉིས་ཀྱིས་སྦིག་རག་འཐུང་བཞིན་སྐད་ཆ་འདྲ་མིན་བྱེད་ཀྱི་འདུག སྦིག་རག་གིས་ངར་ཤུགས་ཀྱིས་དབང་གིས་གསར་བུ་དེ་གཉིས་ཀྱི་སྐད་ཤུགས་ཇེ་ཆེར་སོང་སྟེ་ཟ་ཁང་དེའི་ལྷིང་འཇགས་ཡོངས་སུ་དཀྲོགས་སོང་། ཁོང་གཉིས་ཀྱིས་བཤད་པ་ལྟར་ན་ཁ་ཡར་ལོག་མཁན་ཕོ་གསར་ཤ་མདོག་དཀར་ཞིང་ཤ་རྒྱགས་པ་དེ་ཕལ་ཆེར་ཕྱི་རྒྱལ་ནས་སླེབས་མཁན་ཡིན་པ་འདྲ། བར་སྐབས་ཤིག་གསར་བུ་དེ་གཉིས་ཀྱིས་སྒེའུ་ཁུང་གི་ཤེལ་བཀྲ་ནསགཤམ་འོག་གི་ལམ་ལ་ཕྱོགས་ནས་ལག་བརྡ་རྒྱག་པ་སོགས་ཀྱི་རྣམ་འགྱུར་འདྲ་མིན་བྱེད་ཀྱི་འདུག ཁོ་བོས་སྐེད་བསྲིངས་ནས་སྒེའུ་ཁུང་གི་ཕྱི་ལ་བསྟས་དུས་མ་ཎི་འཁོར་ལོའི་འགྲམ་དུ་ཁ་སྔོན་ལྷ་རྒྱུལ་རིར་དབྱིན་ཇི་དང་འགྲོགས་པའི་བུ་མོ་དེ་ཡིན་པར་ཤེས་བྱུང་། ཕོ་གསར་ཤ་རྒྱག་པ་དེ་ལག་བརྡ་ཞིག་བསྟན་མ་ཐག་ཤར་མར་ཟ་ཁང་གི་ཡང་ཐོག་ཏུ་སླེབས་སོང་།རྣམ་རྟོག་ཅི་ཡང་མེད་པར་ཕོ་གསར་དེའི་འཁྲིས་ལ་ངོ་ཤེས་རྙིང་པ་ཞིག་དང་འདྲ་བར་འཛུམ་ཉམས་དང་བཅས་བསྡད་བྱུང་། ཁོ་གསུམ་པོས་སྦིག་རག་ཤེས་ཁ་ཤས་བཏུང་རྗེས་བུ་མོ་དེས་ཨུ་ཚུགས་ཀྱིས་རང་གི་ལག་ཕྱིས་རས་ལེབ་དེ་གསར་བུ་དེ་ལ་དྲན་རྟེན་སྤྲད་ཐལ།ད་དུང་བུ་དེའི་ལག་པ་དམ་པོར་བཟུང་ནས་མང་པོ་ཞིག་བཤད་ནས་འགྲོ་སོང་།བུ་མོ་སོང་ཚར་རྗེས་བུ་དེ་གཉིས་ཀྱིས་བཤད་པ་ལྟར་ན་བུ་མོ་དེ་ད་ཐེངས་མ་གཏོགས་སྐད་ཆ་བཤད་མྱངས་མེད་པ་མ་ཟད།བུ་མོ་དེ་རྟག་ཏུ་དབྱིན་ཕོ་འཚོལ་ནས་ཡོང་སྒོ་གསོག་ནས་འཚོ་སྐྱེལ་མཁན་ཞིག་རེད་ཟེར།གནས་འདི་ན་དབྱིན་མོ་དང་དབྱིན་ཕོ་གཉིས་ཀ་དང་མཉམ་དུ་ཁེ་ཚོང་གཉེར་མཁན་ཡོད་པར་ཤེས་བཅུག་བྱུང་།