ལོ་ལྔ་བཅུའི་སྐྱིད་སྡུག་མཉམ་མྱོང་དྲན་གསོ།

དེ་ཡང་ཞོགས་པའི་ཆུ་ཚོད་དགུ་པར་ལྷོ་ཕྱོགས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ཀེ་ཌེ་བ་ཡས་གཙོས་སྐུ་མགྲོན་རྣམས་པ་དང། སེར་སྐྱ་མི་མང་སྟོང་ཕྲག་དུ་མ་མཉམ་འཛོམས་ཐོག་༧སྐྱབས་མགོན་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་མཁན་ལས་ཟུར་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས། སྦེལ་ཀོབ་བོད་ཁྱིམ་སློམ་མས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་དེ་བོད་མིའི་སྐྱིད་སྡུག་དྲན་གསོའི་མཛད་སྒོ་དེ་དངོས་སུ་འགོ་བཙུགས་ཡོད་པ་རེད། སྐབས་དེར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་སྐོས་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ཀྱིས་དེ་རང་གི་དུས་དྲན་འདིས་ང་ཚོ་སྐྱབས་བཅོལ་གྱི་བརྒྱུད་རིམ་ཁྲོད་བྱུང་བའི་སྐྱིད་སྡུག་ལ་དྲན་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ལྷག་པར་བོད་མི་བཙན་བྱོལ་དུ་འབྱོར་བའི་སྔ་གཞུག་ཀུན་ཏུ་༸གོང་ས་མཆོག་གི་ཐུགས་རེ་ལྟར། རྒྱ་གར་གཞུང་གིས་བོད་མིའི་ཆོས་རིགས་སྲུང་སྐྱོབ་དང། རང་དབང་སླར་གསོའི་ཆེད་མཐུན་འགྱུར་རོགས་མགོན་གནང་པར་ཐུགས་རྗེ་ཆེ་ཞུས་སོང་ལ། སེར་བྱེས་གྲྭ་ཚང་གིས་བཀའ་དྲིན་སྙིང་བཅིངས་ཀྱིས་ཡུལ་མི་རྣམས་དང་མཐུན་ལམ་དམ་གཙང་དང་འཕྲོད་བསྟེན་སོགས་ཀྱི་ཕྱོགས་ནས་ཕན་གྲོགས་ཞབས་ཞུ་ཡང་ཞུས་དང་ཞུ་བཞིན་པ་ཡིན་ཞེས་གསུངས་སོང་། དེ་རྗེས་ལུགས་བསམ་ས་གནས་འགོ་འཛིན་དགྲ་འདུལ་ལགས་དང་སྐུ་མགྲོན་གཙོ་བོ་སྐུ་ཞབས་པི་ཀེ་ཌེ་བ་ཡ་བཅས་ཀྱིས་གསུང་བཤད་གནང་ཡོད་པ་རེད། ཕྱི་དྲོ་༸གོང་ས་མཆོག་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རིམ་འགྲོ་རྒྱ་ཆེ་གནང་ཡོད་པ་རེད། མེ་སོར་གསར་འགོད་པས།