སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས། ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗ
ེས་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ཆེ་ཉར་རྒྱ་ནག་གཞུང་གིས་བོད་ནང་དུ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་ནས་བོད་ནང་དུ་མུ་མཐུད་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་བློ་ཕམ་གྱི་རང་བཞིན་ཞིག་རེད། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞིགས་པའི་རྒྱ་གཞུང་གིས་འཛམ་གླིང་དུ་ཆབ་སྲིད་དང། དཔལ་འབྱོར། ཁོར་ཡུག བདེ་འཇགས་སོགས་གནད་དོན་ག་འདྲ་ཞིག་གི་སྐོར་ཡིན་ཡང། རྒྱ་ནག་ལ་མ་བསྟུན་ཐབས་མེད་བཟོ་བའི་བསམ་བློ་ཞིག་ཁྱེར་ནས་ཁེངས་དྲེགས་དང་མཁྲེགས་བཟུང་གིས་ད་བར་བོད་ཀྱི་སྐུ་ཚབ་ཐེངས་དགུ་རྒྱ་ནག་ཏུ་ཕྱིན་པ་རེད་དེ། གྲུབ་འབྲས་གང་ཡང་མ་ཐོན་པའི་གནས་སྟངས་དེ་གཙོ་བོ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འདུན་པ་མེད་པ་དང། ད་ལྟའི་གནས་སྟངས་འདི་ལ་བལྟས་ནས་ཁེངས་དྲེགས་ཤུགས་ཆེན་པོ་ཡོད་པ་ལ་བརྟེན་ནས་གནས་སྟངས་འདི་འདྲ་ཞིག་ལ་ལྷག་བསྡད་པ་ཞིག་ཏུ་བོད་གཞུང་ནས་ངོས་འཛིན་བྱེད་དགོས་པ་ཆགས་ཡོད་རེད། དངོས་ཡོད་གནས་སྟངས་ནས་དེ་འདྲ་ཆགས་བསྡད་ཡོད་རེད། གཞིས་ལུས་མི་མང་ཚོའི་དཔའ་མཛངས་སྙིང་སྟོབས་དང། རྣམ་དཔྱོད་རྩལ་དུ་བཏོན་ནས་ད་ལྟའི་བོད་དོན་དེ་འཛམ་བུ་གླིང་དུ་དཀའ་ངལ་སེལ་དགོས་པ་གལ་ཆེན་པོ་ཡིན་པ་ཞིག་དང། རྒྱ་ནག་གིས་ཀྱང་སྣང་མེད་དུ་འཇོག་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་དང། གཞིས་ལུས་མི་མང་གི་དཔའ་མཛངས་སྙིང་སྟོབས་དང་གཞིས་བྱེས་བོད་མིའི་སེམས་ཤུགས། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་མུ་མཐུད་བདེན་པར་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་དང། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་ལ་གསུང་དོན། ད་ལྟའི་བར་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པ་དེ་འདྲ་བྱུང་ཡོད་མ་རེད་དེ། ད་ལྟ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་པའི་བྱང་ཨ་མི་རི་ཁའི་ནང་དུ་བོད་པའི་གྲངས་ཀ་མང་དུ་ཕྱིན་པར་བརྟེན་བྱང་ཨ་རིའི་ནང་དུ་སྤྱི་འཐུས་གཅིག་འཕར་རྒྱུ་དང། བྱང་ཨ་རི་དང་ཡུ་རོབ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གཞན་ལ་སྤྱི་འཐུས་གཅིག་འཕར་བའི་ཁྲིམས་འཆར་ཚོགས་ཆུང་ངོས་ནས་བཏོན་པ་དེ་རྒྱུན་ལས་ནང་དུ་གོ་བསྡུར་བྱས་ནས་གྲོས་ཚོགས་སུ་འཁྱེར་ཡོང་གི་རེད། དེའི་ཐད་ཐུགས་སྣང་དང་གཏན་འབེབས་གནང་དགོས་པ་ཞིག་རེད་ཅེས་གསུངས་སོང། ཁོང་གིས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་གསུང་དོན། ༢༠༠༩ ལོར་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚུལ་མཐུན་གྱིས་མཇུག་སྒྲིལ་མ་ཐུབ་པའི་གནས་སྟངས་ཤིག་ཆགས་པ་རེད། དེ་མ་འགྲིག་པ་ཞིག་ཡིན་པ་ང་ཚོ་ཚང་མར་གསལ་པོ་ཆགས་ཡོད་རེད་བསམ་གྱི་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་དེའི་ཐོག་དགོངས་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་རེད། སྤྱི་འཐུས་རྒྱུན་ལས་ལ་ཕྱག་བྲིས་མང་པོ་འབྱོར་ཡོད་རེད། བོད་ནང་དུ་ང་ཚོའི་ཁ་གཏད་རྒྱ་ནག་གིས་བེད་སྤྱོད་ལོག་པར་བཏང་ཡོད་པ་ཚང་མས་རྒྱུས་ཡོད་རེད། སྤྱིར་བཏང་ངས་གནས་ཚུལ་སྡུག་པ་བྱུང་བ་དེ་ཡག་པོ་བཟོ་བའི་འབད་བརྩོན་བྱེད་ཀྱི་མེད་དེ། གྲོས་ཚོགས་ནང་ལ་སྐྱོན་བྱུང་བ་དེ་བྱུང་བ་རང་རེད། མང་ཚོགས་ཀྱི་ངོས་ནས་བསམ་བློའི་འཁྱེར་སོ་དང། དོ་སྣང་ག་ཚོད་བྱེད་ཀྱི་ཡོད་མེད་གནས་ཚུལ་དེའི་ཐོག་ནས་གསལ་པོ་ཆགས་ཡོད་རེད་བསམ་གྱི་འདུག ༡༩༦༠ ནས་༡༩༩༠ བར་གྲོས་ཚོགས་མིང་དོན་མཚུངས་པ་བྱུང་ཡོད་མེད་གནས་ཚུལ་གཞན་ཞིག་རེད། ༡༩༩༡ ལོ་ནས་གྲོས་ཚོགས་དེ་འཛམ་གླིང་མང་གཙོའི་སྤྱི་སྲོལ་དང་མཐུན་པའི་གྲོས་ཚོགས་ཤིག་ཆགས་པ་རེད། དེ་ནས་བཟུང་གྲོས་ཚོགས་འཚོག་གི་ཡོད་རེད། ཡིན་ན་ཡང་མང་ཚོགས་ཀྱི་ངོས་ནས་གྲོས་ཚོགས་འཚོག་པ་ལ་ཐུགས་སྣང་གནང་མཁན་ག་ཚོད་ཡོད་རེད། ད་ཐེངས་ཀྱི་གནས་ཚུལ་བྱུང་རྗེས་ལས་ཁུངས་སུ་བཅར་མཁན་ཡོང་གི་འདུག བོད་ནས་ཁ་པར་ཡོང་ནས་མ་འོངས་པར་དེ་འདྲ་མ་གནང་རོགས་ཟེར་གྱི་འདུག ཚང་མས་གྲོས་ཚོགས་ཀྱིས་གྲུབ་འབྲས་ཐོན་པ་དང་ནུས་པ་ཐོན་པའི་ལས་ཀ་བྱས་པའི་སྐོར་ལ་གོ་བསྡུར་དང་ཐུགས་སྣང་གནང་མཁན་དཀོན་པོ་རེད། དེ་རིང་རྙོག་གྲ་ཐེངས་གཅིག་བྱུང་བ་དེ་ལ་གཟབ་གཟབ་ཀྱིས་འཁོར་ཐག་དེ་ག་ནས་རག་གི་འདུག་ལྟ་མཁན་བྱུང་བ་རེད། ལས་ཁུངས་སུ་ཡོང་མཁན་ཚོ་ལ་སྐད་ཆ་དྲིས་པ་ཡིན། གྲོས་ཚོགས་དེ་ཕྱི་ཟླ་༩ ཚེས་༧ ནས་༡༩ བར་རེད། དེའི་སྔོན་དུ་གྲོས་ཚོགས་ནང་གནད་དོན་གལ་ཆེན་སྐོར་ལ་བགྲོ་གླེང་མང་པོ་བྱུང་ཡོད་རེད། དེ་ཚོར་གཟིགས་པ་ཡིན་པས་ལབ་དུས་ལྟ་རྒྱུ་མ་བྱུང་ཟེར་གྱི་འདུག རྙོག་གྲ་བྱུང་བའི་ཉིན་མ་ཕྱེད་ཀ་དེ་གཅིག་པུ་གཟིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྲིག་གི་མི་འདུག་བཤད་པ་རེད། ཐུགས་ཁག་ཡོད་ཀྱི་མ་རེད། དེ་རིང་རྐྱེན་ངན་པ་ཞིག་འཕྲད་ནས་གནས་ཚུལ་བྱུང་བ་ལ་བརྟེན་ནས་མང་ཚོགས་ཀྱི་ངོས་ནས་སྤྱི་འཐུས་སྔོན་མ་ངོ་མ་ཤེས་པ་ཚོ་ངོ་ཤེས་པ་ཆགས་པ། སོ་སོས་བདམས་པའི་སྤྱི་འཐུས་ཚོའི་དགོངས་པ་བཞེས་ཕྱོགས་ལྟ་བ་ལངས་ཕྱོགས་ག་འདྲ་ཡིན་མིན་ཤེས་པའི་ཁེ་ཕན་ཞིག་བྱུང་བསྡད་ཡོད་རེད་བསམ་གྱི་ཡོད། དེ་རིང་གི་ཚོགས་འདུ་དབུ་འཛུགས་ཀྱི་གོ་སྐབས་བརྒྱུད་ནས་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ལ། རྙོག་གྲ་བྱུང་བའི་སྐབས་གཅིག་པུར་ཐུགས་སྣང་གནང་བ་མ་ཡིན་པར་དུས་རྒྱུན་དུ་སོ་སོས་འོས་འདེམས་བྱས་པའི་སྤྱི་འཐུས་ཚོས་གྲོས་ཚོགས་ནང་དུ་དགོངས་ཚུལ་ག་རེ་འདུག་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག གནང་རོགས་གནང་ཞེས་འབུལ་སྐུལ་ཞུ་རྒྱུ་ཡིན། རྙོག་གྲ་གཅིག་བྱུང་བ་རེད་དེ། འདས་པའི་ཟླ་བ་དྲུག་གི་རིང་ལ་ལས་དོན་མང་པོ་ཞིག་འགྲུབ་ཡོད་རེད་བསམ་གྱི་འདུག ༢༠༠༩ ལོའི་ཟླ་༡༡ ནང་ཨི་ཊ་ལིའི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོགས་ཐུབ་པ་དང། སྤྱི་འཐུས་རྣམས་ཕྱོགས་བསྐྱོད་ཀྱིས་མི་མང་གི་དངོས་ཡོད་གནས་སྟངས་གཟིགས་རྟོགས་དང། མི་མང་གི་དཀའ་ངལ་བཀའ་ཤག་ལ་ར་སྤྲོད་ཐུབ་པ་བྱུང་བ་རེད། ད་ལྟ་ཡང་ཕྱོགས་བསྐྱོད་ལ་ཕེབས་ཀྱི་ཡོད་རེད། སྐུ་ལས་མང་པོ་ཞིག་བསྐྱོན་ཡོད་རེད། དེ་ཚོ་ལས་འགན་འགྲུབ་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་རེད། དེ་བཞིན་རྒྱ་གར་ནང་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་པར་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་རེད། དེ་ང་ཚོས་ཡུས་བཤད་པ་གང་ཡང་མ་རེད། གནས་ཚུལ་གང་ཡིན་ལེགས་པའི་ཆ་ངོས་ལེན་དང་ཉེས་པའི་ཆ་དེ་ཐེར་འདོན་བྱེད་དགོས་པ་གལ་ཆེན་པོ་རེད་ཅེེས་སོགས་གསུངས་སོང། དེ་རྗེས་མྱ་ངན་གུས་འདུད་ཀྱི་གཞུང་འབྲེལ་གྲོས་ཆོད་ཁག་བཞག་རྗེས། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་རྩིས་ལོ་༢༠༡༠ དང་༡༡ ལོའི་སྔོན་རྩིས་འགོད་འབུལ་གྱི་གསལ་བཤད་གནང་བ་དང། ༢༠༡༠ དང་༡༡ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་ཡོད་པ་རེད།།