ཨི་རག་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

དེ་ཡང་ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨི་རག་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཅུང་ཟད་ལམ་ལྷོང་བྱུང་ཡོད་རུང་། ཚོགས་པ་གཅིག་ཁོ་ནས་གཞུང་འཛིན་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པས། གང་མགྱོགས་ཡུལ་དེའི་ཆབ་སྲིད་ཚོགས་པ་གཞན་ཁག་དང་ཞི་མོལ་གྱིས། གཞུང་འཛིན་ལམ་ལུགས་སྟངས་འཛིན་བྱེད་ཕྱོགས་གསར་གཏོད་བྱེད་འཆར་ཡོད་ཅིང་། དེ་བཞིན་ཨི་རག་ནང་ཁ་ཆེའི་ཆོས་ལུགས་རིགས་མི་འདྲ་བ་གཉིས་ཀྱིས། གཞུང་འཛིན་དབང་ཆ་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། ཡང་དཔོན་རིགས་ཁག་གཅིག་གིས་ཨི་རག་གཞུང་དེ་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་འགྲོ་ཐུབ་རྒྱུའི་རེ་བ་བྱེད་མཁན་ཡང་ཡོད་འདུག
༢༠༠༥ ལོའི་ཨི་རག་གི་འོས་བསྡུ་ཆེན་མོའི་སྐབས། འོས་མི་༥༠༠ ལྷག་ཙམ་ནས་མང་ཆེ་བ་ཁ་ཆེའི་ཆོས་ལུགས་པ་སིན་ནི་སི་ཟེར་བའི་ཁོངས་ནས་ཡོང་ཡོད་པ་དང་། དེ་བཞིན་སྔོན་དུས་སྲིད་འཛིན་འདས་པོ་ས་དམ་གྱི་གཞུང་འཛིན་ལམ་ལུགས་བསྐྱར་གསོ་བྱེད་མཁན་གྱི་རིགས་གཅིག་དང་། ཁ་ཆེའི་ཆོས་ལུགས་ཤཱའི་ཧས་ཟེར་བའི་ཁོངས་ནས་ཡོང་བའི་རིགས་གཅིག་བཅས། གཅིག་གིས་གཅིག་ལ་འཇིགས་སྐུལ་དང་འོས་འཕེན་མཁན་ཚོའི་མཛུབ་མོ་དང་མཐེ་བོང་བཅད་པའི་གནས་ཚུལ་མང་པོ་བྱུང་ཡོད་ཀྱང་། ད་ཐེངས་ཀྱི་འོས་འཕེན་ལ་དེ་ཙམ་འཇིགས་སྐུལ་སོགས་ཀྱི་དཀའ་ངལ་མེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས། ད་ཐེངས་ཀྱི་འོས་འཕེན་འདིས། ཨི་རག་རྒྱལ་ཁབ་ཀྱི་མ་འོངས་པ་ཨི་རག་མི་མང་ལ་དབང་རྒྱུ་ཡིན་པ་གསལ་པོ་བཟོས་ཡོད་པ་རེད་ཅེས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།