མདོ་སྨད་རྔ་པར་ཆོས་བྱེད་མི་སྣ་བཀག་ཉར།

ཉིན་དེར་ཁོང་རྣམས་རྔ་པའི་ཉེན་རྟོག་ཁང་གིས་བཀག་ཉར་བྱས་ཡོད་འདུག དེ་སྔོན་བོད་ཀྱི་ལོ་གསར་ཚེས་༡ ཉིན་ཤེས་རབ་རྒྱ་མཚོ་སོགས་མི་བཅུ་གཉིས་ཀྱིས་རྔ་པ་ཀིརྟིའི་དགོན་པར་རྐྱང་ཕྱག་འཚལ་ནས་སྐོར་བ་བྱས་པ་དང། ཕྱི་ཟླ་༣ ཚེས་ ༧ ཡས་མས་ཤིག་ནས་རྔ་པ་རྫོང་དང་ཐག་ཉེ་རིང་གི་དགོན་པ་ཁག་དང༌། རྫོང་ཐོག་གི་ཁྲོམ་གཞུང་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། མེ་མདའ་ཁུར་ཡོད་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ལམ་གྱི་བཞི་མདོ་ཁག་དང་སྲང་བར་སོགས་ནས་མི་མང་རྣམས་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱིན་ཡོད་པར་མ་ཟད། ཁྲོམ་ལ་འགྲོ་བར་ངེས་པར་ཐོབ་ཐང་ལག་ཁྱེར་དགོས་པ་དང༌། དྲ་ཁང་ཁག་ཏུ་དེ་བས་ཀྱང་དམ་དྲག་ཆེ་བ་བྱས་ཡོད་འདུག། ཟླ་འདིའི་ཚེས་༡༢ ནས་ཉེ་འཁོར་གྱི་དགོན་པ་ཁག་གི་དགེ་འདུན་པ་རྣམས་དགོན་པ་རང་གི་ཕྱི་ནང་དུ་འགྲིལ་བཞུད་བྱེད་པ་ཡང་བཀག་སྡོམ་བྱས་ཏེ་ད་ཆ་དགོན་པའི་ཕྱི་ལ་འགྲོ་བ་དང༌།ཕྱི་ནས་ནང་ལ་འགྲོ་བར་དཀའ་ཁག་ཆེན་པོ་ཡོད་འདུག        ཡང་རྒྱུན་ལྡན་དུ་མངོན་གསལ་མ་ཡིན་པའི་སྒོ་ནས་དམག་ཆས་མ་གྱོན་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ཁྲོམ་བར་དང༌། རྫོང་གི་ཉེ་འཁོར་གྱི་དགོན་གྲོང་ཚོར་སྐོར་གཡེང་བྱེད་བཞིན་ཡོད་འདུག་ཅེས་འཁོད་འདུག །