༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཞེས་མི་འདྲ་བ་གཉིས་མེད།
ཟླ་འདིའི་ཚེས་༡༥ ཉིན་ཏེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཉིན་བདུན་པའི་ཉིན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་གྲོས་ཚོགས་སུ་གནང་བའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཞག་ནས་དེར་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་བའི་ཐད་གསལ་བཤད་གནང་ཡོད་པ་རེད།
དེ་ཡང་བཀའ་ཁྲི་མཆོག་གིས་དང་པོ་བཀའ་ཤག་གི་སེམས་ཀྱི་ཚོར་བ། གཉིས་པ། ༸གོང་ས་མཆོག་གིས་གསུང་འཕྲིན་དེ་འདྲ་ཞིག་ཕེབས་དགོས་པའི་རྒྱུ་མཚན། གསུམ་པ། ཞི་བའི་གྲོས་འཆར་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་གནས་ཚུལ་གྱི་འགྱུར་བ་དང་འཕེལ་རིམ། བཞི་པ། བགྲོ་གླེང་སྐབས་སུ་སྤྱི་འཐུས་རྣམས་ཀྱིི་དགོངས་འཆར་ལ་གསལ་བཤད་དགོས་རིགས། ལྔ་པ། གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྙིང་པོ་དེ་རིང་གི་གྲོས་ཚོགས་འདིའི་ཐོག་ནས་ངེས་པར་དུ་ཐག་གཅོད་གནང་དགོས་པའི་དོན་གནད་ཁག་བཅས་དོན་ཚན་ལྔའི་ནང་བསྡུས་ནས་གསལ་བཤད་གནང་སོང།
བཀའ་ཁྲི་མཆོག་གིས་དོན་ཚན་དང་པོའི་སྐོར་གསུང་དོན། ༧གོང་ས་མཆོག་གི་གསུང་འཕྲིན་གནང་བ་དེ་ཐུགས་དགྱེས་ཚོར་ཆེན་པོས་གནང་བ་ཞིག་མིན་པར། ཞེ་ས་མ་ཞུས་ན་འ་ཆད་འུ་ཐུག་གིས་བཀའ་འདི་འདྲ་ཞིག་གནང་དགོས་བྱུང་བ་འདྲ་བསམ་པ་ཞིག་བྱུང། འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་༸རྒྱལ་བ་རིན་པོ་ཆེས་གསུང་འཕྲིན་འདི་འདྲ་ཞིག་གནང་མི་དགོས་པའི་ཐབས་ཤེས་དང་ལས་དོན་ཞུ་མ་ཐུབ་པ་དེ་ང་ཚོས་ལས་གོ་མ་ཆོད་པ་ཆགས་འདུག་བསམ་པའི་ཚོར་སྣང་བྱུང་སོང། དེ་བཞིན་༧གོང་ས་མཆོག་གིས་མར་མང་གཙོའི་ལམ་སྲོལ་བོད་མི་རྣམས་ལ་བསྩལ་གནང་བ་དེ་བྱིས་པ་ཤུགས་མ་སྐྱེས་པའི་ལག་པར་སྟ་གྲི་ལྟ་བུའི་མཚོན་ཆ་སྤྲད་པ་ལྟ་བུ་མི་ཆགས་པའི་ངེས་པ་མི་འདུག་སྙམ་པའི་ཐེ་ཚོམ་དང་མདོར་ན་བློ་ཕམ་ཚད་མེད་བྱུང། རྒྱུན་དུ་སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་ཀྱི་ནང་དུ་བཀུར་འོས་ཚོགས་མི་རྣམ་པ་ཚང་མས་གཞུང་འཛིན་དང། ཕྱོགས་འགལ་གཉིས་ཀའི་འགན་ཁུར་གནང་དགོས་ཀྱི་ཡོད་རེད། ཡིན་ནའང་བཀུར་འོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་དངོས་ཡོད་བདེན་པའི་གནས་ལུགས་གསུངས་པ་ཡིན་ན། འཛིན་སྐྱོང་ལ་སྤྲེལ་ལད་བཤད་ཀྱི་འདུག་ཅེས་པའི་མི་ཁ་ཡོང་གི་རེད་བསམ་པ་འདྲ་པོ། ཡང་ན་སྤྱི་འཐུས་གཞན་གྱི་གནོན་ཤུགས་ཡོང་གི་རེད་བསམ་པ་འདྲ་པོ་དེ་འདྲའི་འཛེམ་ཟོན་གནང་ནས་བཞུགས་པ་ཡིན་སྟབས། གྲོས་ཚོགས་ཀྱི་ནང་དུ་བཀའ་ཤག་དེ་གྲོགས་མེད་གཅིག་པུ་ལྟ་བུའི་ཚོར་སྣང་ཡོང་གི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཞུས་པའི་གསལ་བཤད་དེ་ཨི་ཁུང་བརྡོལ་བསྡད་པའི་སྙིང་ནས་ཐོན་པའི་མཆི་མ་ལྟ་བུ་ཞིག་སོང་བ་ཡིན་སྟབས། བཀུར་འོས་སྤྱི་འཐུས་རྣམ་པའི་སྙན་ལ་འཇུག་པོ་དང་ཐུགས་ལ་བབ་པོ་ཡོང་བའི་རེ་བ་ཞེ་དྲག་མི་འདུག བཀུར་འོས་སྤྱི་འཐུས་གཅིག་གིས་ལས་རྒྱུ་འབྲས་མི་འགྲོ་བ་རེད་ཅེས་བཀའ་གནང་སོང། དེ་ཧ་ཅང་གི་བདེན་པ་རེད་སྙམ་པའི་ཡིད་ཆེས་གཏིང་ཟབ་བྱུང། གང་ཡིན་ཟེར་ན། འདས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ལ་བོད་མི་སྤྱི་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྣེ་མོར་གཏོགས་པ་དེ་ཚོས་བྱས་ཤིང་བསགས་པའི་ལས་ཀྱི་འབྲས་བུ་དེ་ད་ལྟ་ང་རང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་མྱངས་དང་མྱོང་བཞིན་པ་འདི་རེད། ད་ལྟ་ང་རང་ཚོའི་སྒོ་གསུམ་གྱི་བྱ་སྤྱོད་ལ་བལྟས་པ་ཡིན་ན་འདྲ། བོད་མིའི་སྤྱི་མཐུན་གྱི་ལས་གསོག་སྟངས་ལ་བལྟས་པ་ཡིན་ན་མ་འོངས་པར་བོད་མི་རིགས་དེ་ག་འདྲ་ཞིག་ཆགས་ཡོང་སྙམ་པའི་དངངས་སྐྲག་སྐྱེ་ཡི་འདུག ང་ཚོར་འཛམ་གླིང་གཞན་ལ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་རེད། དེ་ཡང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོགས་ཨེ་ཡོང་བསམ་པའི་དོགས་པ་སྐྱེ་ཡི་འདུག་སྟེ་བྱ་ཐབས་བྲལ་བ་རེད་ཅེས་གསུངས་སོང།
དོན་ཚན་གཉིས་པའི་སྐོར་གསུང་དོན། དེ་སྔོན་གྲོས་ཚོགས་ནང་དུ་དྲི་བ་མང་པོ་བྱུང་བ་ལ་བརྟེན་ནས་གསལ་བཤད་ཟབ་རྒྱས་ཞུས་ཡོད། སྐར་རྟགས་ཅན་གྱི་དྲི་བར་ལན་ཞུས་ཡོད། བགྲོ་གླེང་ནང་དུ་འགྲེལ་བཤད་ཞུས་ཡོད། ག་ཚོད་གསལ་བཤད་ཞུས་ཀྱང་མང་ཆེ་བ་རྡོའི་སྟེང་ཆུ་བླུགས་པ་ལྟ་བུ་མ་གཏོགས་མ་བྱུང་བ་རེད། གྲོས་ཚོགས་ཚོགས་དུས་བདུན་པ་ནས་བཟུང་༢༠༠༨ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་༸སྐྱབས་མགོན་རིན་པོ་ཆེའི་གཞི་དགོངས་ཀྱི་དབུ་མའི་ལམ་དང་མཐུན་གྱི་མི་འདུག ཡིག་ཆ་གལ་ཆེན་པོ་དེ་འདྲ་གྲོས་ཚོགས་ནས་བཀའ་འཁྲོལ་མ་ཞུས་པར་སྤྲད་པ་རེད། ༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་གཉིས་ཐ་དད་རེད། ལྷག་པར་དུ་བསམ་འཆར་ཡིག་ཆ་དེ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་པ་མ་ཡིན་པར་གཤམ་འོག་གི་ལས་བྱེད་པ་དེ་ཚོས་རང་འཚམ་གྱིས་བྱས་པ་རེད་ཅེས་པའི་གནས་ཚུལ་མང་པོ་སྦིར་གྲགས་བྱུང་བ་རེད། གྲོས་ཚོགས་ནང་དུ་གསལ་བཤད་དང་བགྲོ་གླེང་དགོས་པའི་གྲོས་འཆར་བྱུང་བ་རེད་དེ་གྲོས་འཆར་ལ་དགག་བྱ་བྱུང་ནས་དེའི་ནང་དུ་བགྲོ་གླེང་མ་ཐུབ་པ་རེད། དེའི་ནང་བགྲོ་གླེང་མ་ཐུབ་པ་ཡིན་སྟབས་སྤྱི་ཚོགས་ཀྱི་ནང་དུ་དེའི་སྐོར་བཀའ་མོལ་མང་པོ་བྱུང་ནས་མི་ཚང་མ་མགོ་འཐོམས་དགོས་པ་བཟོས་ཡོད་རེད། མཐའ་མ་དེར་གསར་འགྱུར་གྱི་བརྒྱུད་ལམ་ནང་དུ་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཞེས་པའི་མགོ་བརྗོད་ཀྱི་འོག་ནས་གནས་ཚུལ་དེ་འདྲ་ཐོན་བསྡད་པ་རེད། གནས་ཚུལ་དེ་ཚོའང་མང་ཆེ་བ་བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་གོ་སྒྲིག་དང་མཐུན་སྦྱོར་གནང་ནས་ཐོན་བསྡད་པ་ཞིག་རེད་འདུག དེ་འདྲ་ཡིན་དུས་གནས་ཚུལ་དེ་གྲོས་ཚོགས་ཀྱི་ནང་དུ་བརྡར་ཤ་ཆོད་པ་ཞིག་མ་བྱུང་བ་ཡིན་ན། སྤྱི་ཚོགས་ནང་མགོ་རྨོངས་པ་དང། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེའི་བཞེངས་ཕྱོགས་ལ་གྲོས་ཚོགས་ནང་དུ་མོས་མཐུན་གཏན་ནས་མེད་པ་ལྟ་བུའི་རྣམ་འགྱུར་ཐོན་པ་ཡིན་ན། རྩ་དོན་ལ་གནོད་གཞི་ཆེན་པོ་ཡོང་རྒྱུ་ཡིན་སྟབས་ཟབ་གསལ་ཁྲུན་ཆོད་ཀྱི་གསུང་འཕྲིན་འདི་བསྩལ་དགོས་པ་བྱུང་བ་ཞིག་ཏུ་བཀའ་ཤག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང།
དོན་ཚན་གསུམ་པའི་སྐོར་གསུང་དོན། ཞི་བའི་གྲོས་འཆར་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བར་ལ་གནས་ཚུལ་གྱི་འགྱུར་འགྲོས་དང་འཕེལ་རིམ་མདོར་བསྡུས་ཤིག་མ་ཞུས་པ་ཡིན་ན། བར་སྐབས་ཀྱི་བཀའ་མོལ་དེ་ཚོས་མགོ་རྨོངས་པའི་གཞི་རྩ་ལྟ་བུ་ཆགས་ཀྱི་ཡོད་རེད། ལྷག་པར་དུ་དེབ་ཆུང་དམར་པོ་དང་དེབ་ཆུང་སེར་པོ་གཉིས་ཕྱག་ལ་བསྣམས་ནས་༧སྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཞེས་པ་དེ་རེད། དེབ་ཆུང་དམར་པོ་ནས་དེབ་ཆུང་སེར་པོ་བར་གྱི་གནས་ཚུལ་དེ་མདོར་བསྡུས་ཤིག་མ་ལབ་ན། དེ་རིང་གི་གནས་བབ་དེ་ཁྲུན་ཐག་ཆོད་པ་ཞིག་ཡོང་གི་མ་རེད། དེ་ཚོའི་དོགས་པ་སེལ་བའི་ཆེད་དུ་བཀུར་འོས་སྤྱི་འཐུས་རྣམ་པས་སྔོན་མ་མ་ཕྱིན་པ་དང། ང་ཚོས་ཞུ་མ་མྱོང་བའི་གསར་པ་གང་ཡང་མི་འདུག་སྟེ། ཐུགས་ཕན་གསོ་བའི་ཆེད་དུ་བསྐྱར་ལྡབ་ཀྱིས་ཞུ་ཡི་ཡོད། དང་པོ། ཕྱི་ལོ་༡༩༨༧ ལོར་༸སྐྱབས་མགོན་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་ལ་བསྩལ་གནང་བ་དེ་བོད་རྒྱ་མི་རིགས་གཉིས་ཀྱིས་མཚོན་པའི་འཇིག་རྟེན་སྐྱེ་འགྲོ་ཡོངས་རྫོགས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་དང། བོད་ཀྱི་གནད་དོན་སྐོར་ལ་ཕུགས་རྒྱང་རིང་པོའི་འཆར་སྣང་བོད་རྒྱ་ཞི་མོལ་གྱི་རྒྱབ་ལྗོངས་ཀྱི་ངོ་བོར་བཀའ་བསྩལ་བ་དེ་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཟེར་བ་དེ་རེད། དེའི་ནང་གི་གནད་དོན་མང་ཆེ་བ་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་མིན་ལ་མ་ལྟོས་པར་རྒྱ་བོད་གཉིས་ཀའི་བདེ་དོན་ལ་ལག་ལེན་བསྟར་དགོས་པ་ཤ་སྟག་རེད། དེར་བརྟེན་ད་ལྟ་འགྲོ་བཞིན་པའི་བོད་རྒྱ་འབྲེལ་མོལ་ལ་ཐད་ཀར་འབྲེལ་བ་དེ་ཙམ་མེད་པ་ལྟ་བུ་རེད། དེ་རིང་གི་གསུང་འཕྲིན་ནང་དུ་ཞལ་གསལ་པོར་བཀའ་གནང་འདུག གཉིས་པ། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་སི་ཊ་སི་སྦག་གི་གྲོས་འཆར་དེ་སྐབས་དེ་དུས་འགྲོ་བཞིན་པའི་ཞི་མོལ་གྱི་བརྗོད་གཞིའི་ངོ་བོར་བསྩལ་གནང་བ་ཞིག་རེད། དེར་བརྟེན་བོད་རྒྱ་འབྲེལ་མོལ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། འོན་ཀྱང་རྒྱ་མིའི་ཕྱོགས་ཀྱིས་དེ་ལ་ངོས་ལེན་བྱེད་ཐབས་མེད་ཅེས་ཐག་གཙང་མ་བཅད་པ་ཡིན་སྟབས། ༡༩༩༡ ལོར་སུམ་བཅུའི་གསུང་འཕྲིན་ནང་དུ་༧སྐྱབས་མགོན་རིན་པོ་ཆེས་“མི་རིང་བར་རྒྱ་ཕྱོགས་ནས་འཁུར་ལེན་གསར་པ་རིགས་མ་བྱུང་ཚེ་ངོས་ཀྱིས་སི་ཊ་སི་སྦག་ཏུ་བཏོན་པའི་གྲོས་འཆར་དེ་ལག་བསྟར་བྱེད་དགོས་པའི་འགན་ཁུར་གང་ཡང་མེད་”ཅེས་གསུངས་ཡོད་རེད། ཡང་༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་དུ་“ལོ་གསུམ་གྱི་གོང་དུ་བཏོན་པའི་སི་ཊ་སི་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་དུ་གྱུར་ཟིན་”ཞེས་བཀའ་གསལ་པོ་གནང་ཟིན་པ་རེད། གྲོས་འཆར་ལོ་རྒྱུས་ཀྱི་ཡིག་ཆ་དང་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ཙམ་མ་གཏོགས་བོད་རྒྱ་འབྲེལ་མོལ་གྱི་གྲོས་གཞི་མིན་པ་གསལ་པོ་ཆགས་ཟིན་པ་རེད། གསུམ་པ། ཕྱི་ལོ་༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱུང་བའི་རྗེས་སུ་རྒྱ་ནག་གི་བསམ་ཚུལ་ཁག་ལ་དགོངས་བཞེས་གནང་ནས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་གནང་ཕྱོགས་དེ་༢༠༠༤ ནས་རིམ་པས་ཕྱིན་ཡོད་རེད། ཚང་མས་གསན་ཡོད་རེད། ༢༠༠༤ ལོའི་༧སྐྱབས་མགོན་རིན་པོ་ཆེའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་”ཞེས་གསུངས་ཡོད་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཞེས་པའི་ཚིག་དེ་བེད་སྤྱོད་གནང་བ་ཕལ་ཆེར་དང་པོ་རེད། ༢༠༠༥ ལོའི་གསུམ་དུས་གསུང་འཕྲིན་ནང་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུ་འདོད་འདེམས་བྱ་རྒྱུ་ཡིན་”ཞེས་དེ་ལས་གསལ་ཙམ་བཀའ་གནང་ཡོད་རེད། ༢༠༠༥ ལོའི་ཕྱི་ཟླ་༡༡ ཚེས་༡༨ འཛམ་གླིང་འཛིན་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེས་གསུང་འཕྲིན་ཞིག་ཕེབས་ཡོད་རེད། དེའི་ནང་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རང་སྲིད་རང་སྐྱོང་རྩོད་རྒྱུ་ཡིན་”ཞེས་བཀའ་གནང་ཡོད་རེད། ༢༠༠༦ གི་༧སྐྱབས་མགོན་རིན་པོ་ཆེའི་གསུམ་དུས་གསུང་འཕྲིན་ནང་“མ་འོངས་བོད་ཀྱི་མདུན་ལམ་ཁ་བྲལ་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རྩོད་ཐབས་བྱ་རྒྱུ་ཡིན་”ཞེས་གོང་གི་སྒྲོམ་གཞི་ཞེས་པ་ཁ་གསལ་དུ་བཏང་ནས་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཞེས་གསུངས་ཡོད་རེད། ཕྱི་ལོ་༢༠༠༧ ལོའི་གསུམ་དུས་གསུང་འཕྲིན་ནང་“བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་རྩ་ཁྲིམས་ནང་གསལ་བཞིན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱེད་རྒྱུ་”ཞེས་བཀའ་གནང་ཡོད་རེད། དེ་བཞིན་ཕྱི་ལོ་༢༠༠༧ ཕྱི་ཟླ་༡༠ ཚེས་༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བའི་སྐབས་སུ་༧སྐྱབས་མགོན་རིན་པོ་ཆེའི་གསུང་བཤད་གྱི་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཏོན་པའི་བོད་མི་རིགས་ས་གནས་རང་སྐྱོང་སྐོར་ཤོག་བུ་དཀར་པོ་ཟེར་བའི་ཡིག་ཆའི་ནང་དུ་ཞིབ་གསལ་འཁོད་པ་ལྟར། “བོད་ལ་དོན་དང་ལྡན་པའི་རང་སྐྱོང་ཞིག་སྒྲུབ་ཐུབ་པའི་འོག་”ཅེས་གསུངས་པ་རེད། ཕྱི་ལོ་༢༠༠༨ ཕྱི་ཟླ་༣ ཚེས་༢༨ ཉིན་རྒྱ་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་ནང་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་འཚོལ་ཐབས་བྱས་པ་ཡིན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་གསལ་ཡོད་”ཅེས་གསུངས་ཡོད། དེའི་རྗེས་ཨ་རིའི་ནིའུ་ཡོག་དུས་བབ་ཀྱི་གསར་འགོད་པ་གྲགས་ཅན་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེ་ལ་བཅར་འདྲི་རིང་པོ་ཞིག་ཞུས་ཏེ། ༢༠༠༨ ཟླ་༨ ཚེས་༧ ཉིན་ནིའུ་ཡོག་དུས་བབ་ཚགས་ཤོག་ནང་ཐོན་པ་རེད། དེའི་རྒྱུ་མཚན་ག་རེ་ཟེར་ན། དེའི་ཕྱི་ཉིན་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་ཀྱི་ཡོད་རེད། སང་ཉིན་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་ཀྱི་ཡོད་རེད་དེའི་སྒོ་འབྱེད་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུ་ཡི་ཡོད་མ་རེད་ཅེས་པའི་བརྗོད་ཚིག་གི་ཐོག་ནས་ཕལ་ཆེར་བཅར་འདྲི་དེ་ཤོག་ལྷེ་ཕྱེད་ཀ་གང་བ་ཞིག་བཀོད་ཡོད་རེད། དེའི་ནང་༧གོང་ས་ཆེན་པོས་“བོད་ལ་ས་གནས་མི་རིགས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བྱུང་ན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་དང་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་ཁས་ལེན་བྱེད་མི་ཐུབ་པ་མེད། ང་ཚོའི་རྩ་དོན་ནི་བོད་ཀྱི་ཆོས་དང་རིག་གཞུང་། ལེགས་བྱང་བཅས་སྲུང་སྐྱོབ་བྱ་རྒྱུ་དེ་མ་གཏོགས། སྲིད་དོན་མིན་ཞེས་ད་རེས་ཐེངས་དང་པོར་བཀའ་གནང་བྱུང་”ཞེས་འཁོད་ཡོད་རེད་ཅེས་གསུངས་སོང།
བཀའ་ཁྲི་མཆོག་གིས་མུ་མཐུད་གསུང་དོན། ངས་གོང་དུ་ལུང་འདྲེན་བྱས་པ་དེ་དག་སི་ཊ་སི་སྦག་གི་གྲོས་འཆར་ནས་བཞེངས་ཕྱོགས་ལ་རིམ་པས་འགྱུར་བ་བཏང་བའི་བརྡ་ལན་གསལ་པོ་ཞིག་ཡིན་པ་འཛམ་གླིང་གི་ཤེས་ཡོན་པ་ཚང་མས་གོ་རྟོགས་ཡོད་རེད། བཀུར་འོས་སྤྱི་འཐུས་རྣམ་པས་ཡང་ཐུགས་རྟོགས་ཡོད་པའི་ཡིད་ཆེས་ཡོད། འོན་ཀྱང་། དགོས་པའི་དབང་གིས་མཁྱེན་རྟོགས་ཡོད་ཀྱང་མེད་པའི་ཚུལ་མཛད་ནས་བཞུགས་པ་ཡིན་ན། ང་ཚོར་བྱ་ཐབས་གང་ཡང་མེད་པ་རེད། བཞི་པ། ༢༠༠༨ ཟླ་༧ ཚེས་༡ དང་༢ ཉིན་འབྲེལ་མོལ་ཐེངས་བདུན་པ་གནང་བ་རེད། དེའི་སྐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚོས་༧གོང་ས་མཆོག་དང་ཡུལ་གྱུར་སྲིད་གཞུང་གི་བཀའ་བློན་ཁྲི་པ་གཉིས་ཀས་མཚམས་རེར་དོན་སྙིང་ལྡན་པའི་རང་སྐྱོང་དང་། མཚམས་རེར་མིང་དོན་མཚུངས་པའི་རང་སྐྱོང། མཚམས་རེ་དེ་མིན་པ་ཞིག་ལབ་ཀྱི་འདུག དེ་ང་ཚོས་ཧ་གོ་ཡི་མི་འདུག ཁྱོད་ཚོས་དགོས་འདུན་ངོ་མའི་རང་སྐྱོང་གང་ཡིན་གསལ་པོོ་བཟོས་ཤོག་ཅེས་བཤད་པ་བཞིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་ཀྱི་ཆ་རྐྱེན་ཁག་གི་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་༢༠༠༨ ཟླ་༡༠ ཚེས་༣༡ ཉིན་རྒྱ་ནག་དབུས་གཞུང་ལ་སྤྲད་པ་རེད། ཡིག་ཆ་དེ་ཉི་མ་གཅིག་ནང་བཟོས་པ་ཞིག་རྩ་བ་ནས་མ་རེད། ཡུན་རིང་པོར་བསམ་གཞིག་གོ་བསྡུར་གཏིང་ཟབ་ནན་པོ་བྱས་ནས། ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་གི་གནས་བབ་ལ་མཁས་པ་མང་པོ་ཞིག་དང་བཀའ་འདྲི་ཞུས་ནས་༧སྐྱབས་མགོན་རིན་པོ་ཆེ་དང་ཡང་ནས་ཡང་དུ་བཀའ་འདྲི་དགོངས་སྐོར་ཞུས་ཏེ་ཐག་གཅོད་གནང་བ་ཞིག་རེད། དེ་༸སྐྱབས་མགོན་རིན་པོ་ཆེ་རང་གིས་ཐག་གཅོད་གནང་བ་ཞིག་ཡིན་པ་ཟླ་བ་ཁ་ཤས་རྗེས་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་གནང་བའི་སྦར་སིལ་གསུང་བཤད་ཀྱི་ནང་དུ། “ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣༡ ཉིན། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ཡིན། བསམ་འཆར་ནང་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཅི་ཡིན་དང་། རང་སྲིད་རང་སྐྱོང་དང་འབྲེལ་བའི་ང་ཚོའི་གཞི་རྩའི་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། ང་ཚོའི་བསམ་འཆར་འདི་དག་བོད་ཀྱི་དངོས་ཡོད་དཀའ་ངལ་སེལ་ཐབས་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན་” ཞེས་བཀའ་གནང་འདུག ༢༠༠༩ ལོའི་གསུམ་དུས་གསུང་འཕྲིན་ནང་“ཕྱི་ལོ་༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ། འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ནང་། རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད་”ཅེས་བཀའ་གནང་འདུག བསམ་འཆར་ཡིག་ཆ་དེའི་ནང་དུ་བཀའ་ཤག་གི་དབུ་མའི་ལམ་རེད་མ་གཏོགས་ངའི་དབུ་མའི་ལམ་མ་རེད་ཅེས་བཀའ་གནང་མི་འདུག གོ་རིམ་དང་རྒྱུ་མཚན་འདི་དག་ལ་བརྟེན་ནས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པ་དེ། དང་པོ་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་རྨ་མེད་པ་ཡིན་པ། གཉིས་པ་སི་ཊ་སི་སྦག་གི་གྲོས་འཆར་དང་མི་མཐུན་པའི་རྒྱུ་མཚན་གྱིས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་མིན་པ་བསྒྲུབ་མི་ཐུབ་པ། གསུམ་པ་༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཞེས་མི་འདྲ་བ་གཉིས་མེད་ཅེས་ཚིག་ཐག་ཆོད་པོ་དང་སྐད་གསེང་མཐོན་པོས་ཞུ་བཞིན་ཡོད། གལ་སྲིད་དེ་འདྲ་མ་རེད་ཅེས་ཟེར་ནས་རྒྱུ་མཚན་བཤད་མཁན་ཡོད་ན་དེ་ལ་ལན་རྒྱག་རྒྱུའི་གྲ་སྒྲིག་དང་ཆོད་སེམས་ཡོད་ཅེས་གསུངས་སོང།
དོན་ཚན་བཞི་པའི་སྐོར་གསུང་དོན། ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ལ་བགྲོ་གླེང་གནང་སྐབས་ཀྱི་སྤྱི་འཐུས་རྣམ་པའི་དོགས་འདྲི་ཁག་ལ་གསལ་བཤད་ཞུ་རྒྱུ་ཡིན། སྤྱི་འཐུས་གཅིག་གིས་༧གོང་ས་མཆོག་གི་གསུང་རྩོམ་མང་པོའི་ནང་། བོད་རང་དབང་གི་དོན་དུ་ཐུགས་སྨོན་བདེན་ཚིག་གནང་ཡོད་རེད་ཅེས་བཀའ་གནང་སོང། ༧གོང་ས་མཆོག་གིས་རང་དབང་གསུངས་པ་དེ་རང་བཙན་ལ་གོ་ཡི་ཡོད་པའི་བཟོ་ལྟ་བུ། དེ་ལ་གསལ་བཤད་མ་བྱས་པ་ཡིན་ན་མི་མང་པོ་མགོ་འཐོམས་པའི་ཉེན་ཁ་ཡོད་རེད་བསམ་གྱི་འདུག ལྷག་པར་དུ་རྒྱ་མིའི་ཕྱོགས་ནས་༧སྐྱབས་མགོན་རིན་པོ་ཆེས་ཐུགས་བསམ་རྣམ་དག་དང་ཞལ་ཞེ་གཉིས་མེད་མ་རེད་ཅེས་པའི་རྒྱུ་མཚན་དུ་ལུང་འདྲེན་རྒྱུ་ཞིག་ཆགས་སྲིད་པ་རེད། ཚང་མས་མཁྱེན་པ་ལྟར། དབྱིན་སྐད་དུ་freedom དང། independence ཟེར་བ་གཉིས་ཡོད། ཚིག་དེ་གཉིས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད་རེད། དེ་བཞིན་བོད་སྐད་ནང་རང་དབང་དང་། རང་བཙན་ཞེས་ཚིག་གཉིས་ཡོད། བར་ལམ་ཞིག་ལ་མི་ཁ་ཤས་ཀྱིས་རང་དབང་དང་རང་བཙན་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཟོ་རྒྱུའི་ཐབས་ཤེས་མང་པོ་གནང་སོང་། ཡིན་ན་ཡང་བརྡ་སྤྲོད་རིག་པ་དང་སྲིད་དོན་ཚན་རིག་གི་རིག་པའི་གཞུང་ལུགས་ནང་བཞིན་བྱས་པ་ཡིན་ན། དོན་གཅིག་མིང་གི་རྣམ་གྲངས་བཟོ་ཐུབ་ཐབས་ཡོད་མ་རེད། ལོགས་སུ་སྡོད་ཀྱི་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་རང་བཙན་རྩོད་ཀྱི་མེད་ཅེས་བཀའ་གནང་གི་ཡོད་པ་ལས་རང་དབང་རྩོད་ཀྱི་མེད་ཅེས་བཀའ་གནང་ཡོད་མ་རེད། གསུང་འཕྲིན་ཁག་གི་ནང་དུ་རང་དབང་ཞེས་པའི་ཚིག་དེ་རང་བཙན་གྱི་གོ་དོན་ལ་འགྲེལ་ནས་ལམ་སྟོན་གནང་ན་འགྲིག་གི་ཡོད་མ་རེད། བཀུར་འོས་སྤྱི་འཐུས་ཀྱི་འགྲེལ་བརྗོད་གནང་སྟངས་དེ་ལས་ལོགས་སུ་བྱས་ནས་རྣམ་དཔྱོད་ལྡན་པ་ཚོས་ཞིབ་ཚགས་ཀྱིས་གཟིགས་པ་ཡིན་ན་《བདེན་གསོལ་སྨོན་ཚིག》དང་། 《བོད་ལྗོངས་ལྷ་སྲུང་གི་འཕྲིན་སྐུལ》གཉིས་ཀ་དབུ་མའི་ལམ་གསལ་བསྒྲགས་མ་བྱས་གོང་ནས་བརྩམས་པ་ཞིག་རེད། ༡༩༧༩ སྔོན་དུ་བརྩམས་པའི་ལྗགས་རྩོམ་རེད། བདེན་གསོལ་སྨོན་ཚིག་ནང་། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ། ཞེས་གསུང་ན་འགྲིག་ལ། ལྷ་མོའི་འཕྲིན་སྐུལ་ནང་། རང་བཙན་དཔལ་ལ་རེ་ཞིང་རྟག་གནས་ན་ཞེས་དང་། བོད་ལྗོངས་ལྷ་སྲུང་ཀྱི་འཕྲིན་སྐུལ་ནང་། ཆོས་སྲིད་རང་བཙན་གཙང་མའི་སྣང་བའི་དཔལ་ཞེས་གསུངས་ཀྱང་ཚིག་རྐང་མ་འགྲིག་པ་དང། སྡེབ་སྦྱོར་ཉམས་པ། བརྗོད་མི་བདེ་བ་ཡོང་གི་ཡོད་མ་རེད། ཡིན་ནའང་དེ་དག་ཚང་མའི་ནང་རང་དབང་ཞེས་གསུངས་པ་དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་ཀྱི་གཏིང་ལ་དབུ་མའི་ལམ་གྱི་དགོངས་གཞི་སྔོན་མ་ནས་ཡོད་པ་མཚོན་གྱི་ཡོད་རེད་བསམ་གྱི་ཡོད། བཀུར་འོས་སྤྱི་འཐུས་གཞན་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེས་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་མཚམས་ལ་ཆབ་སྲིད་ཀྱི་འགན་དབང་གང་ཡང་བཞེས་ཀྱི་མིན་ཞེས་ཚར་མང་པོ་གསུངས་ཟིན་པ་རེད། ཡིན་ན་ཡང་བསམ་འཆར་ཡིག་ཆའི་ནང་དུ་འགན་དབང་བཞེས་རྒྱུ་ཡིན་པ་འདྲ་པོ་བཀོད་འདུག་ཅེས་བཀའ་གནང་སོང། དེ་བདེན་པ་མ་རེད་ཞུ་རྒྱུ་ཡིན། བསམ་འཆར་ཡིག་ཆའི་ནང་དུ་འབྱུང་འགྱུར་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་ཀྱི་ཡིན་ཞེས་པའི་གནས་ཚུལ་རྩ་བ་ནས་ཡོང་གི་ཡོད་མ་རེད་ཅེས་སྤྱི་འཐུས་རྣམས་ཀྱི་དྲི་བ་རེ་རེ་ལ་ལན་འདེབས་གནང་སོང།
དོན་ཚན་ལྔ་པའི་སྐོར་གསུང་དོན། གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་སྙིང་པོ་ད་རེས་གྲོས་ཚོགས་ཐོག་ཐག་གཅོད་གསལ་པོ་དང་། གཙང་མ་ཞིག་གནང་དགོས་པའི་སྐོར་ལ་དོན་ཚན་གསུམ་ཞུ་རྒྱུ་ཡོད། དང་པོ། ༧གོང་ས་སྐྱབས་མགོན་ཆེན་པོས་སི་ཊ་སི་སྦག་གི་གྲོས་འཆར་ནང་བཀའ་བསྩལ་བའི་ནང་དོན་ཁག་རྒྱུན་འཁྱོངས་མ་གནང་བར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕར་སྤྲད་པ་དང། ཡིག་ཆ་དེ་གྲོས་ཚོགས་ནས་དགོངས་འཁྲོལ་མ་ཞུས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི། དམངས་གཙོའི་ལམ་སྲོལ། ཡང་ན་བཟང་སྤྱོད་བཅས་དང་འགལ་བ་ཆགས་ཡོད་དམ་མེད། གལ་སྲིད་ཆགས་ཡོད་ན་གང་དང་འགལ་བ་རེད། དེར་བཀའ་ཤག་ལ་ཉེས་ཆད་གང་གཅོད་རྒྱུ་རེད་གཙང་མ་ཐག་གཅོད་གནང་རོགས། གཉིས་པ། མ་འོངས་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་དེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་དགོངས་དོན་བཞིན་༧སྐྱབས་མགོན་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་དགོས་པ་ཆགས་ཀྱི་རེད་དམ། ཕྱིན་ཆད་གནད་དོན་དེར་སྤྱི་འཐུས་ལྷན་ཚོགས་རང་གིས་ཐུགས་འགན་གཙང་མ་བཞེས་རྒྱུ་རེད། དེ་གསལ་པོ་ཞིག་ཐག་གཅོད་གནང་རོགས། གསུམ་པ། བོད་རྒྱ་འབྲེལ་མོལ་སྐོར་ལ་མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་རྒྱུའི་ཐག་གཅོད་བྱུང་ན། དེ་སྔ་ཕན་ཆད་ཀྱི་གྲོས་ཆོད་ཁག་ཅིག་ཕྱིར་བསྡུ་དང་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཞལ་གསལ་པོ་བཟོ་གནང་དགོས། གལ་སྲིད་༧སྐྱབས་མགོན་རིན་པོ་ཆེས་སྔར་རྒྱུན་བཞིན་ཐུགས་འགན་བཞེས་དགོས་ཡོད་གསུངས་པ་ཡིན་ན། སྔར་ཡོད་གྲོས་ཆོད་ཁག་ལ་མཇུག་གནོན་དང་འབྱུང་འགྱུར་དེའི་ཐད་གྲོས་ཚོགས་ནང་དགོས་པ་མེད་པའི་དྲི་བ་དང་གླེང་སློང་མི་ཡོང་བ་ཞིག་དང། མང་ཚོགས་ཀྱི་ནང་དུའང་ད་ལྟ་དང་འབྱུང་འགྱུར་གཉིས་ཀའི་གནད་དོན་ཐོག་དོགས་པ་སེལ་ངེས་ཀྱི་གསལ་བསྒྲགས་ཞིབ་ཚགས་ཤིག་ཐག་གཅོད་གནང་དགོས་ཀྱི་འདུག་ཅེས་གསུངས་པ་དང་འབྲེལ་མཇུག་བསྡོམས་ཚུལ་དུ་གསུང་དོན།
གསལ་བཤད་ཀྱི་གོ་སྐབས་གནང་བར་བཀུར་འོས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། བཀའ་ཤག་གི་རེ་འདུན་ཞུས་པ་དེ་དག་བོད་པའི་བཤད་སྟངས་བཞིན་སྙན་རྒྱབ་ཀྱི་ལྷག་པ་རུ་མ་སོང་བར་བྱམས་སྙིང་རྗེ་ཆེན་པོས་ཐག་གཅོད་གནང་རོགས་ཞེས་གསུངས་སོང་།།