གཞུང་འབྲེལ་གྲོས་ཆོད་བཞག་ནས་བཟོད་གསོལ་ཞུས་པ།
ཐག་གཅོད་གནང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང།
༧གོང་ས་མཆོག་གི་ལྷ་དགོངས་འཁྲུག་གཞིའི་རིགས་ལ་བཟོད་གསོལ་ཞུ་རྒྱུའི་གྲོས་ཆོད་ བཞག་ནས་སྤྱི་མོས་ཀྱིས་གྲོས་འཆམ་བྱུང་ཡོད་པ་རེད། གྲོས་ཆོད་དེའི་ནང་འཁོད་དོན།
གཞུང་འབྲེལ་གྲོས་ཆོད་གྲོས་འཆར།
སྔོན་གླེང།
༄༅། །ཕྱི་ལོ་༢༠༡༠ ཟླ་༣ ཚེ་༨ འཁོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བར་ཐུགས་རྗེ་བཀྲིན་བླ་ན་མེད་པར་ཆེ་ཞེས་ཞུ་རྒྱུ་དང༌། གསུང་འཕྲིན་ནང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་བླང་དོར་ཞུ་སྒོ་སྤྱི་དང༌། ཁྱད་པར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང༌། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་བྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཀྱི་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང༌། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས་ཞེས་སྤྱི་ཕེབས་བྱུང་བར་ད་ལམ་གྲོས་ཚོགས་སུ་བགྲོ་གླེང་དང༌། འབྲེལ་ཡོད་ཡོངས་ལ་ཉན་ཞིབ་མཐིལ་ཕྱིན་བྱས་པའི་མཐའ་དོན་གྲོས་ཆོད་ཅིག་འཇོག་རྒྱུ་དུས་ཀྱི་དགོས་མཁོར་མཐོང༌།
གྲོས་ཆོད།
༡༽ གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་སྤེལ་ཆེད་རང་ནུས་གང་ཡོད་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུངས་ཞུ་རྒྱུ་དང༌། ད་བར་ང་ཚོའི་བསམ་སྤྱོད་ཀྱི་ནུས་པས་མ་འདང་བས་རྟོན་བཞིའི་འཇུག་ལྡོག་ནོར་བ་ཐམས་ཅད་ལ་བཟོད་གསོལ་ཞུ་བ་དང་ཆབས་ཅིག་མཐོལ་བཤགས་ཞུ་རྒྱུ་དང༌། འབྱུང་འགྱུར་སྒེར་འཁོན་ཕྱོགས་འཐེན་རིགས་སྤངས་ཏེ། མང་ཚོགས་ལ་འགན་ཁུར་བའི་ཐོག་ནས་སྤང་བླངས་འཛོལ་མེད་ཞུ་རྒྱུ་ཡིན།
༢༽ བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དོན་རྣམས་ྋགོང་ས་ཆེན་པོའི་རླབས་ཆེན་གྱི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཡིན་པར་ངེས་རྙེད་གོ་རྟོགས་གསལ་པོ་བྱུང་ལགས་པ་དང༌། ཡིག་ཆ་དེ་དག་གྲོས་ཚོགས་ལ་གྲོས་བསྡུར་གནང་དགོས་མ་མཆིས་པས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ཕྱག་བསྟར་གནང་བར་ངོས་འཛིན་ཞུ་རྒྱུ།
༣༽ ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ལ་བཞག་པའི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ད་ཕན་བོད་ཀྱི་རྩ་དོན་དང་དེའི་སྒྲུབ་ཐབས་བཅས་ྋགོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་བཀྲིན་བསྐྱངས་པར་སྙིང་ནས་བཀྲིན་བསམ་ཤེས་ཞུ་རྒྱུའི་ཐོག་གོང་གསལ་གྲོས་ཆོད་ལ་བསྐྱར་དུ་མཇུག་གནོན་དང་འབྲེལ་འབྱུང་འགྱུར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་རྒྱུའི་ཐུགས་འགན་མུ་མཐུད་བཞེས་གནང་ཡོང་བ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོས་ཐག་གཅོད་དང་ཕྱག་བསྟར་གང་གནང་ལ་གྲོས་ཚོགས་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ།
༤༽ བར་སྐབས་ཀྱི་བྱུང་རྐྱེན་འདི་དག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལྷ་དགོངས་འཁྲུག་གཞིའི་རིགས་ཇི་གྱུར་ལ་སྙིང་ནས་བཟོད་གསོལ་འགྱོད་བཤགས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་༣ ཚེས་༢༠ ལ།།