གད་སྙིགས་གཙང་སྦྲའི་ལས་འགུལ།

ལྷག་པར་རྒྱུག་ཆུ་འདིའི་ནང་གི་གད་སྙིགས་རྣམས་གཙང་སྦྲ་བྱེད་ཀྱི་ཡོད། རེས་གཟའ་སྤེན་པ་གཉིས་པ་ནམ་ཡིན་ལ་འདི་ལྟར་ཁོར་ཡུག་གཙང་མ་བཟོ་ཡི་ཡིན། གང་ཡིན་ཟེར་ན། རྒྱུག་ཆུ་འདི་མར་བཞུར་རྗེས་ཡུལ་མི་གྲོང་གསེབ་པ་ཚོས་འཐུང་ཆུར་བེད་སྤྱོད་བྱེད་མཁན་ཡོད་པ་རེད། ང་ཚོས་ཁོར་ཡུག་ལ་བདག་པོ་བྱེད་དགོས་ཀྱི་འདུག་ཅེས་བརྗོད་བྱུང་།
གནས་ཚུལ་དེར་ས་གནས་གཞིས་འགོ་ཚོས་ཀྱང་དོ་སྣང་བྱུང་སྟེ་གཟིགས་སྐོར་དུ་ཕེབས་འདུག་ལ། ཕྱི་ཉིན་ལོ་ཌེ་རེ་ལྷ་ས་ཞེས་པའི་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག་ས་གནས་གཞིས་འགོ་རྣམ་གཉིས་དང་མཉམ་འབྲེལ་ཚོགས་གཙོ་སོགས་ཀྱིས་སྣེ་ཁྲིད་དེ་ཕྱི་རོལ་གྱི་ཁྲོམ་ལམ་དང་། ཚོང་ཁང་གཡས་གཡོན་གྱི་གད་སྙིགས་གཙང་སྦྲའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་པ་རེད། སྤྱིར་བཏང་སྦེལ་ཀོབ་ཁུལ་གྱི་བོད་མའི་གཙང་སྤྲ་ནི་ཧ་ཅང་སྐྱོ་བོ་ཡིན་པ་དང། ཚོང་ཁང་དང་ཟ་ཁང། ཁྲོམ་ལམ་གཡས་གཡོན། གྲོང་སྡེའི་ཕྱི་ནང་གང་ས་ན་གད་སྙིགས་ཀྱིས་ཁེངས་ནས་ཡོད། ཕྱི་ལོ་༢༠༠༩་ལོར་༸རྒྱལ་བ་རིན་པོ་ཆེ་སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་ཆིབས་བསྒྱུར་སྐབས་མི་མང་ལ་ལམ་ཁའི་གཡས་གཡོན་གང་སར་གད་སྙིགས་མང་པོ་མཐོང་རྒྱུ་འདུག གཙང་སྦྲ་ཡག་པོ་དགོས་ཀྱི་འདུག་ཅེས་བཀའ་སློབ་ནན་མོ་གནང་ཡོད་ན་ཡང། ད་བར་དུ་ཁོར་ཡུག་གཙང་སྦྲའི་སྐོར་ལ་དམིགས་བསལ་དོ་སྣང་དང་ལས་ཀ་བྱེད་མཁན་གྱི་ཚོགས་པ་དང་སྒེར་པ་སུ་ཡང་བྱུང་མེད་པར་རང་འཇགས་གནས་ཡོད་པ་རེད།། མེ་སོར་གསར་འགོད་པས།