ཨུ་རུ་སུར་འབར་རྫས་གས་འཐོར་གྱི་དོན་རྐྱེན།
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་བྱང་ཕྱོགས་ཀྱི་ས་ཁུལ་ནང་ཁ་ཆེའི་གྲངས་ཉུང་མི་རིགས་ཆིན་ཡཱ་ཟེར་བས། ཨུ་རུ་སུའི་སྲིད་གཞུང་འོག་ནས་རང་བཙན་བརྩོད་བཞིན་ཡོད་པ་དང། འདས་པའི་ལོ་གྲངས་མང་པོའི་རིང་མི་གྲངས་བརྒྱ་ཕྲེག་མང་པོ་འཛོམས་ས་གློག་བརྙན་ཁང་དང། སློབ་གྲྭ་སོགས་སུ་འབར་རྫས་གས་འཐོར་བཏང་ནས། མི་གྲངས་ཕོན་ཆེན་རྐྱེན་ལམ་དུ་གཏོང་མྱོང་ཡོད་པ་དང། ད་ཐེངས་ཀྱི་འཇིགས་སྐུལ་རིང་ལུགས་པ་བུད་མེད་གཉིས་དེའང་། ས་ཁུལ་དེ་ནས་ཡོང་བ་དང་དམིགས་ཡུལ་རང་བཙན་ཡིན་སྐོར་ཨུ་རུ་སུའི་བདེ་འཇགས་ཞབས་ཞུ་ཁང་གིས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ད་ཐེངས་ཀྱི་འབར་རྫས་གས་འཐོར་གྱི་དོན་རྐྱེན་འོག་ཏུ་མི་གྲངས་༣༨ ལྷག་ཙམ་རྐྱེན་ལམ་དུ་བཏང་བ་དང། ༦༠ ལྷག་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག སྤྱིར་མཱོ་སི་ཁོའི་གྲོང་ཁྱེར་མྱུར་བསྐྱོད་མེ་འཁོར་འཛམ་གླིང་ནང་མི་དབོར་འདྲེན་བྱེད་མཁན་ཆེ་ཤོས་དེ་ཆགས་ཡོད་ཅིང། ཉིན་གཅིག་ནང་མི་གྲངས་ས་ཡ་༥ ལྷག་ཙམ་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། ལུས་ལ་འབར་རྫས་བསྡམས་པའི་བུད་མེད་འཇིགས་སྐུལ་རིང་ལུགས་པ་གཉིས། མྱུར་བསྐྱོད་མེ་འཁོར་བབས་ཚུགས་སུ་ལྐོག་འཛུལ་བྱེད་སྐབས། ཉེན་རྟོག་པ་དང་སྐོར་སྲུང་བ་སོགས་ཀྱིས་དོ་སྣང་གང་ཡང་བྱུང་མེད་པས། དུས་དང་ས་གནས་གཉིས་ཀ་མི་གྲངས་ཕོན་ཆེན་འཛོམས་སར་ཁེལ་ཡོད་པ་རེད།