དཔལ་ལྷ་མོའི་དུས་ཆེན་དེ་བུད་མེད་ཀྱི་དུས་ཆེན་གྱུར་འདུག

དུས་མཚུངས་སུ་རྒྱུས ཡོད་ཀྱིས་བརྗོད་གསོལ་ལྟར་ན་དེང་སང་ལྷ་སའི་མི་མང་རྣམས་ཀྱིས་དཔལ་ལྷ་མོའི་དུས་ཆེན་ལ་བུད་མེད་དུས་ཆེན་ཞེས་འབོད་སྲོལ་ཡོད་པ་མ་ཟད།ཉིན་མོ་དེར་སྐྱ་སེར་རྒན་གཞོན་དབྱེར་མེད་ཀྱི་བོད་ཀྱི་བུད་མེད་ཚོ་མཉམ་དུ་འཛོམས་ནས་དཔལ་ལྷ་མོ་སྲུང་བརྩི་ཞུ་ཡི་ཡོད་པ་རེད་འདུག

འབྲེལ་ལམ་བརྒྱུད་བོད་མོ་གཅིག་གིས་ཉིན་དེར་མ་རང་ལ་ལས་ཁུངས་ནང་གི་སྐྱེས་ཕོ་ཚོས་དྲན་རྟེན་གྱི་འབུལ་བ་ཡང་དུ་མ་རག་ཅིང༌། མོ་རང་ལ་མཚོན་ན་རྒྱ་གཞུང་གི་ལས་དོན་བྱེད་མཁན་ཞིག་ཡིན་ཡང༌། ད་བར་རྒྱལ་སྤྱི་བུད་མེད་དུས་ཆེན་སོགས་ཡོད་ཀྱང་སྤྱི་མཚུངས་ཀྱི་ཕྱིའི་རྣམ་པ་ཙམ་ལས་བོད་མི་རིགས་རང་གི་སྐྱེས་པ་ཚོས་བུད་མེད་ཚོར་དགོས་མཁོའི་ལྟ་རྟོགས་དངོས་རག་མ་མྱོང་བར་བརྟེན། ད་རེབ་ལས་ཁུངས་གཅིག་པའི་ལས་རོགས་སྐྱེས་པ་ཚོས་འབུལ་རྫས་འདྲ་སྤྲད་དུས་བཤད་མ་ཤེས་པའི་དགའ་སྣང་བྱུང་ལུགས་ཀྱང་གསུང་བྱུང༌།

 


བརྗོད་སྲོལ་ལ་ངོ་དཀར་ཞིང༌། ཕྱག་གཉིས། མིག་གསུམ་ལྡན་གྱི་དཔལ་ལྷ་མོ་དང་འབྲེལ་བའི་བརྩེ་དུང་གི་ལོ་རྒྱུས་སྙན་མོ་གཅིག་ཀྱང་ལྷ་སའི་དམངས་ཁྲོད་དུ་བཤད་སྲོལ་ཡོད་པ་ལྟར་ན། སྔོན་དུས་སུ་དཔལ་ལྷ་མོ་ཇོ་ཁང་ནང་གི་སྲུང་མ་ཁྲི་བཙུན་དང་ཕན་ཚུན་བརྩེ་དུང་ཆགས་ཤིང༌། ཁོ་རང་གཉིས་ཕན་ཚུན་ལ་མི་ཚེའི་དམ་བཅའ་ཡང་བཞག་ཡོད་པ་རེད། འོན་ཀྱང་དཔལ་ལྷ་མོའི་ཡུམ་ཆེན་སྲུང་མ་ཁྲོ་ཉམས་ཅན་གྱི་དཔལ་ལྡན་ལྷ་མོས་བརྙེན་སྒྲིག་དེར་མོས་མཐུན་མ་བྱས་པ་མ་ཚད་། དཔལ་ལྷ་མོར་ཁྲིམས་བཅད་ནན་པོ་བཏང་ཡོད་པ་རེད་ཟེར།


དཔལ་ལྡན་ལྷ་མོས་སྲུང་མ་ཁྲི་བཙུན་ལྷ་སའི་གཙང་ཆུའི་ནུབ་ཕྱོགས་ཀྱི་བོན་པོའི་རིར་གནས་དབྱུང་བཏང་ནས་དཔལ་ལྷ་མོ་དང་ཁྲི་བཙུན་གཉིས་ཐུག་འཕྲད་མེད་པ་བཟོས་པ་དང༌། ཚེ་གཅིག་ལུས་གཅིག་ལ་ཁྲིམས་དེར་བརྩི་སྲུང་དགོས་པ་རེད་ཟེར། དེ་ནས་བོད་ཟླ་10པའི་ཚེས་15ཉིན་བརྩེ་དུང་གི་བྲོ་བ་མྱོང་བཞིན་པའི་ཕོ་མོ་དེ་གཉིས་ལྷ་སའི་གཙང་འགྲམ་ཕྱོགས་གཉིས་ནས་ཕན་ཚུན་ལྟ་ཙམ་རེ་བྱེད་པའི་གོ་སྐབས་ཉུང་ཙམ་ཡོད་པ་དེའང་མར་མེ་ཕྱེད་ཀྱི་སྣུམ་ཟད་པའི་དུས་ཡུན་ཙམ་ཡིན།


དེ་ལྟར་དཔལ་ལྷ་མོ་རང་གི་བརྩེ་དུང་ལ་བར་ཆད་བྱུང་ཡང་མོ་རང་སྙིང་རྗེ་དང་བྱམས་སེམས་ཀྱིས་ཕྱུག་པའི་སྲུང་མ་ཞིག་ཡིན་སྟབས། དམིགས་བསལ་དུ་བུད་མེད་ཚོར་མགོན་སྐྱབས་རྒྱབ་བརྟེན་མཛད་ཀྱི་ཡོད་པར་སྐད།

ད་དུང་བཤད་སྲོལ་ལ་ལྷ་སར་གནས་པའི་བུད་མེད་ཚོས་དཔལ་ལྷ་མོར་སེམས་གཏིང་གི་སྙིང་རྗེ་སྐྱེ་བཞིན་ལོ་རེའི་བོད་ཚེས་འདི་ཉིན་དཔལ་ལྷ་མོའི་དུས་ཆེན་ཞེས་སྲུང་བརྩི་བྱེད་ཅིང་བུད་མེད་ཚོ་ཇོ་ཁང་ནང་གི་དཔལ་ལྷ་མོའི་སྐུ་མདུན་ནས་ཆོས་བསྐོར་བྱེད་པ་དུས་མཚུངས་སུ་གཞས་དང་ཞབས་བྲོ་འཁྲབ་པ་དང༌།དེང་སང་ཉིན་དེར་སྐྱེས་པ་ཚོས་ཀྱང་བུད་མེད་རྣམས་ལ་དམིགས་བསལ་གྱིས་མཐོང་ཆེན་དང་སྙིང་བརྩེ་བ་ཡོད་ཅེས་བཤད་སྲོལ་ཡོད་འདུག་གོ།