རྒྱ་ནག་གཞུང་གིས་ཨ་རིའི་བུན་འཛིན་ཕྱིར་འཚོང་མ་བྱས་པ་གང་ཡིན་ནམ།
རྒྱལ་སྤྱི་དང། བོད་ནང་བཅས་པར་དངོས་ཤུགས་ཀྱི་དོན་ཕན་གང་ལེགས་བྱུང་རུང༌། རྩ་དོན་ཐོག་གྲུབ་འབྲས་མ་ཐོན་པའི་ཁར། བོད་ནང་དྲག་གནོན་དང༌། ྋགོང་ས་མཆོག་ལ་མཚན་སྨོད་བཅས་ཤུགས་ཆེ་རུ་ཕྱིན་པར་བོད་མི་མི་ཉུང་བ་ཞིག་གིས་ཧ་ཅང་བློ་ཕམ་དང་བཅས་ད་ལྟའི་རྒྱ་ནག་དབང་འཛིན་པའི་བྱེད་སྟངས་ལ་གཞིགས་ན། བོད་རྒྱ་འབྲེལ་མོལ་མུ་མཐུད་རྒྱུན་འཁྱོངས་དགོས་མིན་ཡིད་ཀྱི་སོམ་ཉིའི་ནང་ཚུད་ཡོད་པ་རེད།
འོན་ཀྱང༌། རྩོད་རྙོག་ཆེ་བའི་གནད་དོན་མང་པོ་ཞིག་ལོ་བཅུ་གྲངས་ཤིག་ནང་ཐག་གཅོད་ཐུབ་ཐབས་མེད་པ་དཔེར་ན། པཱ་ལི་སི་ཐན་དང་དབྱི་ཟི་རལ་གྱི་དཀའ་རྙོག ང་ཚོ་དང་ཐག་ཉེ་ས་ལྟ་བུར་མཚོན་ན། རྒྱ་གར་དང་པཱ་ཀི་སི་ཐན་དབར་རྗ་མུ་ཀ་ཤི་སྨིར་གྱི་གནད་དོན་ལོ་གྲངས་མང་པོའི་ནང་ཐག་གཅོད་ཡོང་དཀའ་བ་མཐོང་ཆོས་སུ་ཡོད། དེ་ཙམ་མ་ཟད། ཨ་རི་དང་རྒྱ་ནག་གཞུང་དབར་ཌོ་ལར་དང་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤར་ཆ་དགོས་སྐོར་ད་བར་ལོ་ངོ་༢༥ ཙམ་རིང་གྲོས་མོལ་ཕལ་ཆེར་ལོ་ལྟར་བྱེད་ཀྱི་ཡོད་ཀྱང། ད་དུང་ཡང་གྲུབ་འབྲས་ཨ་རིའི་འདོད་བློ་ཁེངས་པ་ལྟར་ཡོང་གི་མེད་ན། བོད་ཀྱི་རྩ་དོན་དང་འབྲེལ་བའི་བོད་རྒྱའི་འབྲེལ་མོལ་ད་བར་ལོ་བརྒྱད་ནང་ཐེངས་དགུ་བྱུང་བའི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་རྣམས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱ་དགོས་ཀྱི་རེ་འདུན་ཡིག་ངག་གཉིས་ཐོག་ནས་རྒྱ་ནག་གཞུང་ལ་གསལ་བརྗོད་བྱེད་ཐུབ་པ་དེ་ཁོ་ནའི་ཐོག་ནས་གོང་གསལ་སྟོབས་ཆེན་ཨ་རི་དང་བསྡུར་ན་ང་ཚོས་ཆོག་ཤེས་བྱེད་འོས་པ་ཞིག་རེད་སྙམ།
ཉེ་ཆར་ྋསྤྱི་ནོར་ྋགོང་ས་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་བ་དང། དེའི་སྔོན་ཙམ་དུ་ཨ་རིས་ཐེ་ཝན་ལ་དམག་གི་གོ་མཚོན་ཕྱིར་བཙོངས་བྱས་པ་སོགས་ཀྱིས་རྒྱ་ནག་དང་ཨ་རིའི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པར་བརྟེན། དེ་སྔོན་རྒྱ་ནག་དམར་གཞུང་གི་དམག་དཔོན་འུད་ཤོབ་ཅན་ཞིག་གིས་རྡུལ་ཕྲན་མཚོན་ཆ་གྲངས་༢༠༠ ཨ་རིར་གཡུག་གི་ཡིན་ཟེར་ཤོད་མཁན་དེས་ད་རེས་ཀྱང་རྒྱ་ནག་ལ་ཡོད་པའི་ཨ་རིའི་བུན་འཛིན་དུང་ཕྱུར་བརྒྱད་སྟོང་ཡོད་པ་ཕྱིར་བཙོངས་བྱས་ཚེ། ཨ་རིའི་ཌོ་ལར་གྱི་འཛའ་ཐང་མར་ཆག་ནས་དཔལ་འབྱོར་གྱི་ནུས་པ་ཉམས་ཞན་དུ་གྱུར་ཏེ། ཨ་རིས་རྒྱ་ནག་ལ་བཀའ་གསུང་ཅི་བསྒྲུབ་ཞུ་རྒྱུ་ཡིན་པའི་ཉིན་མོའི་རྨི་ལམ་སྐྱིད་པོ་ཞིག་བཏང་བར། རྒྱ་ནག་ལ་རྒྱལ་ཞེན་ཡིན་མདོག་གིས་བསམ་མེད་གཞོན་སྐྱེས་རི་བོང་ཅལ་འདྲོགས་ཁག་ཅིག་གིས་དགའ་འབོད་བྱས་ཡོད་པ་རེད། དེ་ལྟར་ཡིན་ན། རྒྱ་ནག་གཞུང་གིས་ཅིའི་ཕྱིར་ཨ་རིའི་གཞུང་གི་བུན་འཛིན་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཕྱིར་བཙོངས་བྱ་མི་དགོས་པ་གང་ཡིན་ནམ།
དམར་ཤོག་གིས་དབང་བསྒྱུར་བྱས་པའི་རྒྱ་ནག་དང་རང་དབང་གི་འཛམ་གླིང། ཁྱད་བར་དུ་ཨ་རི་དང་ཁ་གཏད་དོ་ཟླར་ལངས་བཞིན་ཡོད་པ་དེར་མི་རྣམས་ཀྱིས་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ཁ་གཏད་གཅོག་པའི་རྒྱབ་ལྗོངས་ནི། སྤྱི་ཚོགས་ཀྱི་ཚད་གཞི་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྱད་པར་ཡོད་པ་དེ་གཉིས་རེད། ཕྱོགས་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་མཐའ་གཉིས་སུ་ལྷུང་བ་མཚོན་པ་དང༌། དེ་དང་དུས་མཚུངས་ཚོང་འབྲེལ་གྱི་འབྲེལ་བ་ཟབ་པོ་ཡོད་ཅིང༌། དངུལ་ལོར་གྱི་སྒྲོག་ཐག་དམ་པོ་ཡོད་པའི་རྒྱལ་ཁབ་གཉིས་ཀྱང་རེད། མི་མང་པོའི་བསམ་བློའི་ནང་དོགས་པ་ཞིག་བྱུང་ཡོད་པ་དེ་ནི། རང་དབང་གི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཡིན་པའི་ཨ་རིར་འཁོན་འཛིན་བྱེད་མཁན་རྒྱ་ནག་དམར་གཞུང་གིས་ནུས་ཤུགས་ཡོད་དགུ་བཏོན་ནས་ཨ་རིའི་གཞུང་གི་བུན་འཛིན་ཨ་སྒོར་དུང་ཕྱུར་བརྒྱད་སྟོང་ལྷག་ཅི་ཕྱིར་ཉོས་པ་དང། གལ་ཏེ་ཉོ་རྒྱུ་དེ་རྒྱུ་མཚན་མང་དག་ཅིག་གི་ཐོག་ནས་མ་ཉོས་དཀའ་མེད་ཆགས་ཡོད་ཚེ། ཕྱིར་བཙོང་བྱ་རྒྱུ་དེ་ཡང་གཅིག་བྱས་ན་དངུལ་རྩའི་མཚོན་ཆ་ཞིག་ལ་འགྱུར་སྲིད་པས། རྒྱ་ནག་དམར་གཞུང་གིས་མཚོན་ཆ་དེ་བེད་སྤྱོད་མ་བྱས་པའམ། ཡང་ན་ག་དུས་“མིང་དོན་མ་མཚུངས་པའི་དམག་འཐབ་བམ་”། ༡ “ཚད་བཀག་ལས་བརྒལ་བའི་”མཚོན་ཆ་དེ་བེད་སྤྱོད་བྱ་རྒྱུ་རེད་དམ། (རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་སྲོལ་ལ་བརྩི་སྲུང་མ་བྱས་པར་སོ་སོའི་ཁེ་ཕན་ཁོ་ནར་དམིགས་ཏེ་གཞན་ལ་གནོད་ཆེད་ཁྲོམ་རའི་ནང་བུན་འཛིན་བཙོངས་པ།)
ཨ་རིའི་གཞུང་གི་བུན་འཛིན་ལ་མཐའ་བསྐོར་ནས་ཞེན་ཆགས་པ།
ལོ་ཤས་གོང་རྡུལ་ཕྲན་འབར་མདེལ་གྲངས་༢༠༠ གཡུགས་ནས་ཨ་རི་རྩ་མེད་བཟོ་ཡི་ཡིན་ཟེར་རྒྱ་ནག་དམར་གཞུང་གི་དམག་དཔོན་ཞིག་གིས་འུད་ཤོབ་བཤད་ཡོད་པ་ཨ་རིས་ཤེས་རྟོགས་བྱུང་ཕྲལ། ཨ་རིའི་དམག་དཔུང་གིས་རྒྱ་ནག་ལ་རྡུལ་ཕྲན་འབར་མདེལ་གྲངས་༢༠༠༠ གིས་རྒོལ་ལན་སྤྲོད་ཀྱི་ཡིན་ཞེས་བཤད་པའི་རྗེས། ད་རེས་སླར་ཡང་རྒྱ་ནག་གི་དམག་དཔོན་དེས་རྒྱ་ནག་ལ་ཡོད་པའི་ཨ་རིའི་གཞུང་གི་བུན་འཛིན་རྣམས་ཕྱིར་བཙོང་བྱས་ཏེ་ཨ་རིར་དཔལ་འབྱོར་གྱི་ཉེས་པ་གཅོད་དགོས་ཞེས་བཤད་འདུག རྒྱ་ནག་དམར་གཞུང་གི་སློབ་སྟོན་ཞུ་ཡུལ་མི་ཁག་ཅིག་དང་ཕྱི་རོལ་དུ་ཡོད་པའི་རྒྱ་ནག་གཞུང་དང་སེམས་ཐག་ཉེ་བའི་བརྒྱུད་ལམ་ཁག་གཅིག་གིས། རྒྱ་ནག་ལ་ཡོད་པའི་ཨ་རིའི་གཞུང་གི་བུན་འཛིན་ཨ་རིའི་ཌོ་ལར་༨༠༠༠༠༠༠༠༠༠༠ དུང་ཕྱུར་བརྒྱད་སྟོང་ལྷག་ཡོད་པ་རྣམས་དངུལ་རྩའི་རྡུལ་ཕྲན་མཚོན་ཆ་ཞིག་ཡིན་པར་སྙམ་སྟེ། དེའི་ནང་ནས་ཆ་ཤས་ཤིག་ཕྱིར་བཙོང་བྱས་ན། ཨ་རིའི་དངུལ་ལོར་གྱི་འཛའ་ཐང་མར་ཆག་སྟེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམ་ཞན་དུ་གྱུར་སྲིད་པས། ཨ་རིའི་ནོར་སྲིད་ལ་རྡུང་རྡེག་ཕོག་མཚམས། སྡུག་ནད་མི་འཁྱོག་པའི་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བཀའ་གསུང་དང་ལེན་ཞུ་སྲིད་པའི་ཉིན་མོའི་རྨི་ལམ་སྐྱིད་པོ་ཞིག་བཏང་བར། རྒྱ་ནག་ལ་རྒྱལ་ཞེན་ཡིན་མདོག་གིས་བསམ་མེད་གཞོན་སྐྱེས་རི་བོང་ཅལ་འདྲོགས་ཁག་ཅིག་གིས་དགའ་འབོད་བྱས་ཡོད་པ་རེད།
དོན་དངོས་ཐོག་ཨ་རིའི་བུན་འཛིན་ཚུར་ཉོ་བ་དང་ཕྱིར་བཙོངས་པ། ལྷག་པར་དུ་གྲངས་འབོར་ཧ་ཅང་ཆེ་བའི་དངུལ་ལོར་རྣམས་ཨ་རིས་ཉིན་ལྟར་ཉོ་ཚོང་བྱེད་ཀྱི་ཡོད། ཨ་རིའི་ལྟེ་བའི་དངུལ་ཁང་གི་མཉམ་འབྲེལ་དངུལ་གསོག་ལྷན་ཁང་ནས་(Fed)ནས་ཡོངས་གྲགས་ཀྱིས་ཁྲོམ་རྭའི་ལས་དོན་ལྷན་ཁང་(FOMC)བརྒྱུད་དེ་བུན་འཛིན་ཚུར་ཉོ་ཕར་ཚོང་བྱས་ཏེ་གཙང་ཁེ་ལེགས་བཅོས་ཡོང་ཐབས་བྱེད་ཀྱི་ཡོད། ཨ་རིའི་མཉམ་འབྲེལ་དངུལ་གསོག་ལྷན་ཁང་(Fed)ནས་བུན་འཛིན་(Treasury Bond) ཚུར་ཉོ་སྐབས་བུན་འཛིན་མཁོ་འདོན་བྱ་རྒྱུ་ཉུང་དུ་ཕྱིན་པར་བརྟེན་ཁེ་འབབ་ཉུང་དུ་འགྲོ་བ་དང་ཆབས་ཅིག སྲིད་གཞུང་གིས་བུན་གཏོང་གི་མ་གནས་ཆུང་དུ་གཏོང་གི་ཡོད། ཨ་རིའི་མཉམ་འབྲེལ་དངུལ་གསོག་ལྷན་ཁང་(Fed)ནས་བུན་འཛིན་ཕར་བཙོངས་སྐབས་བུན་འཛིན་མཁོ་འདོན་བྱ་རྒྱུ་འཕར་སྣོན་བྱུང་རྐྱེན་ཁེ་འབབ་མཐོ་རུ་ཕྱིན་ནས་སྲིད་གཞུང་གི་བུན་གཏོང་གི་མ་རྩ་ཆེ་རུ་འགྲོ་ཡི་ཡོད།
རྒྱ་ནག་གིས་ཅིའི་ཕྱིར་ཨ་རིའི་བུན་འཛིན་ཕྱིར་ཚོང་མི་བྱེད་པ་ཡིན་ནམ།
རྒྱ་ནག་གཞུང་གིས་ཨ་རིའི་བུན་འཛིན་བཙོང་དང་མ་བཙོང་དང༌། བུན་འཛིན་ཉོ་རྒྱུ་དང་བུན་འཛིན་ཡོད་མེད་ཀྱི་ཀུན་སློང་འཁྱེར་སྟངས་ལ་འབྲེལ་བ་ཆགས་ཡོད། དེ་སྔོན་ཐོག་མར་བུན་འཛིན་ཉོ་སྐབས། ཐེ་ཝན་དང་ཕྱི་གསོག་མ་དངུལ་མཐོ་དམན་གྱི་འགྲན་སྡུར་ནང་བར་སྐབས་གཅིག་རྒྱ་ནག་ལ་ཐོབ་སྟེ། རྒྱལ་སྤྱིའི་ནང་རང་ངོམ་སྐད་གྲགས་ཆོད་རྒྱུར་དགའ་དྲག་སྟེ་མུ་མཐུད་ཉོས་པ་དང༌། བུན་འཛིན་དེས་རྒྱལ་ཁབ་ཀྱི་རྒྱུ་ནོར་རག་ཐབས་དང༌། དངུལ་ལོར་ལ་བསྒྱུར་བ། གསེར་དངུལ་ལ་སོགས་དངོས་ཟོག་གསོག་འཇོག་བྱ་བདེའི་མཚོན་ཆ་རྣོན་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་རྗེས་སུ་ཡང་བསྐྱར་མུ་མཐུད་ཉོས་ནས་ད་ཡོད་ཀྱི་གྲངས་འབོར་གསོག་འཇོག་བྱེད་མཚམས་གཞི་ནས་བུན་འཛིན་དེའི་ཉེན་ཁའི་རང་བཞིན་མཐོང་སྟེ་ད་ལྟའི་ཆར། དམར་ཡག་སྟག་གི་མཇུག་མ་ལ། ཐོག་མ་ཉིད་ནས་འཇུ་མ་རུང༌། འཇུས་ནས་སློད་ན་རང་སྲོག་ཕུང་ཞེས་སྟག་ཞོན་འབབ་དཀའི་གནའ་བོའི་གཏམ་དཔེ་ལྟར་བཙོངས་དང་ཉར་གཉིས་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་ཡོད་པ་རེད། ཀུན་སློང་དེ་དག་ལ་བརྟེན་ནས། དམར་ཤོག་ཚོགས་པ་གཅིག་གི་སྒེར་གྱི་ཁེ་ཕན་ཆེད་དང༌། ཡང་ན་མིག་རྒྱང་ཐུང་བས་༌༌
དེང་དུས་ཀྱི་དངུལ་རྩའི་འགྲོ་ལུགས་ལ་ངོས་འཛིན་གཏིང་ཟབ་མ་བྱུང་བའི་གནས་སྟངས་འོག ཨ་རིའི་བུན་འཛིན་ཕྱིར་བཙོང་བྱས་ཚེ། སོ་སོའི་ཁེ་ཕན་ལ་གནོད་སྐྱོན་འོང་རྒྱུ་བརྗོད་མི་དགོས་པར། ཕར་ཕྱོགས་དགྲ་བོར་རྡུང་རྡེག་གཏོང་རྒྱུའི་དམིགས་ཡུལ་ཇི་ཙམ་བསྒྲུབ་ཐུབ་བམ། ཨ་རིའི་གཞུང་གི་བུན་འཛིན་མང་ཤོས་ཡོད་པ་ད་ལྟའི་ཆར་འཇར་པན་ཡིན་པ་དང༌། དེའི་འོག་རྒྱ་ནག དེ་ནས་དབྱིན་ཇི་དང་རྡོ་སྣུམ་ཕྱིར་བཙོང་བྱེད་མཁན་གྱི་ཨ་རབ་རྒྱལ་ཁབ་རྣམས་དང༌། ཁེ་ར་བི་ཧན་མཚོ་(Caribbean Sea ) དང་སྦར་ཛིལ་(Brazll)བཅས་རེད། རྒྱ་ནག་གཞུང་གིས་ངན་སེམས་ཁོག་བཅངས་ཀྱིས་བུན་འཛིན་ཕྱིར་བཙོང་བྱེད་སྐབས། བུན་འཛིན་དེ་དག་ཉོ་བའི་འདོད་པ་དང་ནུས་པ། དེ་བཞིན་རྒྱ་ནག་གི་ངན་རོགས་བྱེད་མཁན་རྒྱལ་ཁབ་སུ་ཞིག་འོང་གི་རེད་དམ། འཇར་པན་དང་དབྱིན་ཇིས་བྱེད་ཀྱི་མ་རེད། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་བྱེད་འདོད་མེད། མཐའ་མ་དེར། ༡༽བཙོང་མཁན་ཡོད་ཀྱང་ཉོ་མཁན་མེད་པ། ཡང་ན་གོང་ཚད་མེད་ལ་ཁྲོམ་རྭ་ཡང་མེད་པ་ཆགས་སྲིད། མཐའ་མའི་མཇུག་འབྲས་དེར། ༢༽ཨ་རིའི་མི་སོ་སོས་ཉོ་རྒྱུ་དེ་རེད། དེ་ལྟར་ཆགས་ཚེ། དང་པོའི་མཇུག་འབྲས་ལྟར་བྱུང་ན། དངུལ་རྩའི་རྡུལ་ཕྲན་མཚོན་ཆ་དེ་ནུས་མེད་མཚོན་ཆ་ལྐུག་པར་གྱུར་བ་དང༌། གཉིས་པའི་མཇུག་འབྲས་ནི། རང་གི་ལག་ཏུ་ཡོད་པའི་དངུལ་རྩའི་རྡུལ་ཕྲན་མཚོན་ཆ་དགྲ་བོའི་ལག་ཏུ་ཤོར་རྒྱུ་དེ་རེད།
དགྲ་བོའི་ལག་ཏུ་ཤོར་བའི་རྡུལ་ཕྲན་མཚོན་ཆ་འབར་གས་བྱེད་འཇུག་རྒྱུ་ཡིན་ནམ་ཞེས་ན། དོན་དངོས་ཐོག་དེ་ལྟར་བྱ་མི་སྲིད། དེ་ནི་ར་སྤུའི་འུར་རྡོ་རྭ་ཡི་མཇིང་པར་འཁོར་ཞེས་བོད་མིའི་ཁ་དཔེ་ཡོད་པ་བཞིན་རང་མགོ་ཆུ་འདྲེན་ཞིག་ལ་གྱུར་ཡོད། དེའི་རྒྱུ་མཚན་ནི། བུན་འཛིན་རྒྱ་ནག་གི་ཕྱིར་བཙོང་བྱེད་སྐབས། ཨ་རིས་ཐོག་མའི་གོང་ཚད་ལྟར་ཉོ་ཡི་མ་རེད། ཨ་རི་བས་ཁྲོམ་རའི་ནང་མཁོ་སྤྲོད་གོང་ཚད་ལས་བརྒལ་བའི་ཚོང་ཟོག་རྣམས་གོང་ཚད་ཧ་ཅང་མར་ཆགས་པའི་སྐབས་གཞི་ནས་ཉོ་ཡི་ཡོད། ཨ་རིའི་བུན་འཛིན་གྱི་སྐྱེད་ཁ་སྤྱིར་བཏང་བརྒྱ་ཆ་༣ ནས་༦ བར་རེད། དཔེར་ན། རྒྱ་ནག་གིས་བུན་འཛིན་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཕྱིར་བཙོང་བྱེད་སྐབས་ཉོ་མཁན་མ་བྱུང་བར་གོང་ཚད་མར་ཕྱེད་ཙམ་ཆགས་པའི་མཚམས། ཨ་རིས་གཞི་ནས་སོ་སོས་དངུལ་པར་བརྒྱབ་པའི་ཌོ་ལར་ལ་བརྟེན་ནས་ཚུར་ཉོ་སྐབས། དེ་སྔོན་ཨ་རིས་རྒྱ་ནག་ལ་ཆད་པའི་བུ་ལོན་ཕྱེད་ཁ་ལྷག་ཙམ་ཉུང་དུ་འགྲོ་རྒྱུ་མ་ཟད། དེ་དག་ལ་སྐྱེད་ཁ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པའི་ཁེ་བཟང་ཆེན་པོ་འོང་རྒྱུ་རེད།
དེ་ཡང་ཁ་གསལ་ཙམ་བརྗོད་ན། དེང་སྐབས་རྒྱ་ནག་གཞུང་གི་མི་དམངས་ཤོག་སྒོར་གྱི་ཕྱི་གསོག་མ་རྩ་ཨ་རིའི་ཌོ་ལར་དུང་ཕྱུར་ཁྲི་གཉིས་ཙམ་ཡོད། རྒྱ་ནག་མི་དམངས་ཤོག་སྒོར་དང་ཨ་རིའི་ཌོ་ལར་དབར་གྱི་འཛ་ཐང་གི་བར་ཁྱད་ནི། 1$=¥6,82/6,84 བར་ཡུན་རིང་གནས་ཡོད་སྟབས། གལ་ཏེ་ཕྱིའི་གནོན་ཤུགས་ལྟར་ཕར་སྣོན་གྱི་བརྒྱ་ཆ་༥༠%བར་སྤར་བ་ཡིན་ན། རྒྱ་ནག་གི་ཕྱི་གསོག་མ་དངུལ་ད་ཡོད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་བཅུ་གཉིས་ཡོད་པ་རྣམས་མིག་ཡུད་ཙམ་རིང་དུང་ཕྱུར་ཁྲི་དྲུག་ཙམ་གྱི་ལྡབ་གཅིག་ཉུང་དུ་འགྲོ་སྲིད་པས། རྒྱ་ནག་མི་དམངས་ཀྱིས་ལོ་མང་ཁྲག་རྣག་ཆུ་སེར་ལས་གྲུབ་པའི་རྒྱུ་ནོར་ཐེར་བུམ་མང་པོ་གསོག་འཇོག་བྱས་པ་རྣམས་ནམ་མཁའི་འཇའ་ལྟར་ཡལ་སྲིད་པ་རེད།
ཨ་རིའི་བུན་འཛིན་ཕྱིར་བཙོང་བྱས་རྗེས་ཀྱི་མཇུག་འབྲས།
གལ་ཏེ་རྒྱ་ནག་གཞུང་གིས་དངུལ་རྩའི་མཚོན་ཆ་དེ་བེད་སྤྱོད་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ། ནུས་པ་ཐོན་མིན་ལ་མ་ལྟོས་པར་ཨ་རིར་དམག་རྒྱག་གི་རྣམ་པ་གསལ་སྟོན་བྱས་ན། དེའི་སྐབས་ཨ་རིས་རྒྱ་ནག་དང་མུ་མཐུད་དེ་ཚོང་འབྲེལ་བྱེད་ཀྱི་མ་རེད། ཨ་རིས་ཚོང་ཟོག་གི་མངག་ཐོ་མ་འདོན་ན། རྒྱ་ནག་ནང་ལྷམ་སྣ་ཚོགས་དང༌། ཀོ་སྒམ། གྱོན་ཆས་སྣ་ཚོགས། ནང་ཆས་ཀྱི་མཚོན་གློག་ཆས་སྣ་ཚོགས་བཟོ་སྐྲུན་བྱེད་མཁན་གྱི་བཟོ་གྲྭ་དང་ཁེ་ལས་ས་ཡ་མང་པོ་ཡོད་པ་རྣམས་དེ་མ་ཐག་སྒོ་རྒྱག་དགོས་ཐུག་སྟེ། མི་བྱེ་བ་མང་པོ་ལས་མེད་དུ་གྱུར་པ་དང་ཆབས་ཅིག དེ་དག་རྒྱ་ནག་གཞུང་གི་བརྟན་ལྷིང་ལ་ཉེན་ཁ་བཟོ་བའི་རྦ་རླབས་ཆེན་པོའི་ནང་འཛུལ་བཞུགས་བྱ་རྒྱུ་རེད།
རྒྱ་ནག་རང་གི་ལྟ་ཕྱོགས་ཐོག་ནས་བརྗོད་པའི་དབང་དུ་བཏང་ནའང༌། ཨ་རིའི་བུན་འཛིན་ཉོ་རྒྱུ་ཚད་ལས་བརྒལ་བ་དེ་མིག་རྒྱང་ཐུང་བ་དང་བློ་རིག་མ་གསལ་བའི་ཚུར་སྣང་ཞིག་རེད། གལ་ཏེ་ཨ་རི་ད་ལྟ་ཡང་སྔར་བཞིན་གསེར་ཚོང་གི་ལྟེ་གནས་ལག་བསྟར་བྱེད་ཀྱི་ཡོད་ན། རྒྱ་ནག་ལ་ཡོད་པའི་ཨ་རིའི་དངུལ་ལོར་གྱི་བུན་འཛིན་དང་གསེར་གཉིས་བརྗེ་ཚོང་བྱས་ཏེ། ཕྱི་དངུལ་གསོག་འཇོག་བྱས་པའི་དབང་དུ་བཏང་ནའང་རྒྱུ་མཚན་མེད་པ་ཞིག་མ་རེད། འོན་ཀྱང༌། ཕྱི་ལོ་༡༩༧༠ ལོ་ནས་བཟུང༌། གསེར་དངུལ་བརྗེ་ཚོང་གི་ལམ་ལུགས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ནས་ཕྱིར་འཐེན་བྱས་ཟིན་པར་བརྟེན། རང་དང་དགྲ་འཛིན་རྒྱལ་ཁབ་ཀྱི་དངུལ་ལོར་གསོག་འཇོག་བྱས་པ་དེ་ནི། རྒྱ་ནག་གི་ད་ལྟའི་དབང་འཛིན་པ་ཚོ་གླེན་རྟགས་ཚ་པོ་ཡིན་པ་དང༌། ཁོང་ཚོའི་བསམ་བློ་གཏོང་སྟངས་དེ་དུས་ད་ལྟ་ཡང་ལོ་རབས་བདུན་ཅུའི་ནང་བསྡད་ཡོད་པ་གསལ་པོ་མཚོན་པ་རེད། རྒྱ་ནག་གཞུང་གིས་ད་ཆ་གཞི་ནས་བུན་འཛིན་ཉོ་བའི་ཐད་ཀྱི་གནད་དགག་དེ་ཤེས་རྟོགས་བྱུང་ཡོད་འདུག་ཀྱང༌། ཕྱི་དྲག་པ་ནི་གླེང་མི་དགོས་པ་ཞིག་རེད།
སྒོས་སུ་ཨ་རིའི་དངུལ་རྩའི་མ་རྩ་རྒྱལ་སྤྱིའི་ནང་དགོས་མཁོ་ཇེ་ཉུང་དུ་འགྲོ་སྐབས་ཁེ་འབབ་ཡར་འཕར་གྱི་ཡོད་དུས། ཨ་རིའི་དཔལ་འབྱོར་ལ་ཕན་ཐོགས་ཡོད་པ་རེད། བར་ལམ་ཨ་རིའི་དཔལ་འབྱོར་དཀའ་ངལ་ནང་ལྷུང་པའི་རྒྱུ་རྐྱེན་གཙོ་བོ་ནི། སྲིད་གཞུང་དང་དམངས་ཁྲོད་ནང་བུ་ལོན་བླངས་དྲག་པའི་ཞན་ཆས་བཟོས་པ་རེད། རྒྱ་ནག་དམར་གཞུང་གིས་རྒྱལ་དམངས་ཀྱི་ཁེ་ཕན་སློད་བཏང་སྟེ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་དམའ་པོར་རྒྱུན་འཁྱོངས་བྱས་ཏེ། ཕྱི་གསོག་མ་དངུལ་ཕོན་ཆེ་གསོག་འཇོག་བྱས་རྗེས། སླར་ཡང་གསོག་འཇོག་དེ་དག་ལ་བརྟེན་ནས་ཨ་རིའི་གཞུང་གི་བུན་འཛིན་ཉོས་པར་བརྟེན། ཐད་ཀར་ཨ་རིས་བུ་ལོན་གཏོང་རྒྱུ་ཚད་ལས་བརྒལ་བ་དང་ཡོས་ལོའི་འབྲུ་སྟག་ལོར་ཟ་རྒྱུ་སྐུལ་དེད་གཏང་བ་རེད། དེས་རྐྱེན་ཨ་རིའི་བུན་འཛིན་གྱི་འཛའ་ཐང་མར་ཆག་སྟེ། ཁེ་འབབ་ཡར་འཕར་བར་བརྟེན། ཕྱི་ཚུལ་ཐོག་ཨ་རིའི་མིས་དངུལ་སྔ་འདོན་བླངས་ནས་འཚོ་བ་བསྐྱལ་བའི་གོམ་གཤིས་ངན་པ་གྱུར་བ་བཏང་སྟེ། བསམ་བློ་གཏོང་ཕྱོགས་བག་ཁུམ་ལ་གྱུར་ནས་སྤྱི་ཚོགས་ཀྱི་དངུལ་རྩའི་ལམ་ལུགས་ཟབ་ལྷིང་དུ་འགྱུར་རྒྱུར་ཕན་ཐོགས་བྱུང་ཡོད་པ་རེད།
མདོ་དོན། ཉེ་བའི་ཆར་ཨ་རིའི་ཨོ་བྷ་མ་སྲིད་གཞུང་དང་གྲོས་ཚོགས་ནས་རྒྱ་ནག་གི་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་སྤར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་ཀྱང༌། རྒྱ་ནག་གཞུང་གིས་ཨ་རིའི་བུན་འཛིན་ཕྱིར་བཙོང་བྱ་མ་ནུས་པ་དེ། སོ་སོའི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རང་མགོ་ཆུ་འདྲེན་བྱེད་འདོད་མེད་པ་གསལ་པོར་རྟོགས་པ་རེད། །