ཐེ་ལན་ཌིའི་གཞུང་དང་མི་མང་དབར་གྱི་འཐབ་འཛིང་།

དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་མང་རིང་ཐེ་ལན་ཌིའི་གཞུང་དང་མི་མང་དབར་འཐབ་འཛིང་སྣ་ཚོགས་བྱུང་མྱོང་ཡོད་པ་དང། ད་ཐེངས་གཞུང་དང་མི་མང་གཉིས་དབར་འཐབ་འཛིང་བྱུང་དོན་ནི། ད་ལྟའི་སྲིད་བློན་ལས་ཐོག་པས་སྲིད་དབང་སྒེར་བདག་བྱས་པ་ལས། མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་མེད་པ་དང། དེ་བཞིན་སྲིད་བློན་གྱི་དབང་ཆ་ཐོབ་པ་དེའང་ཚུལ་ལྡན་མིན་སྐོར། ཡུལ་དེའི་གྲོས་ཚོགས་སྒོ་བརྒྱབ་ནས་ཁྲིམས་བཟོ་ལྷན་ཚོགས་གསར་འདེམས་དང་སྦྲགས་ནས། སྲིད་བློན་སོགས་ཀྱང་གསར་འདེམས་བྱེད་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་འདུག དེ་ཡང་མི་མང་ངོ་རྒོལ་བ་ཚོས། སྟོད་གོས་དམར་པོ་དང་སེར་པོ་ཟེར་ནས་སྡེ་ཚན་གཉིས་སུ་ཕྱེས་ཏེ། དུས་ཡུན་རིང་པོའི་ནང་རྒྱུན་ཆད་མེད་པར་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང། གཞུང་གིས་མི་མང་གྱེན་ལངས་བྱེད་པར་དྲག་པོའི་ཐབས་ལམ་སྤྱད་དེ་མི་མང་པོ་རྐྱེན་ལམ་དུ་སོང་ཡོད་པས། དེང་སྐབས་མི་མང་གིས་ཉེན་རྟོག་པའི་ལག་ནས་མེ་མདའ་ཕྲོགས་ཏེ་ཕར་རྒོལ་བྱེད་ཀྱི་ཡོད་པར་བརྟེན། གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཉེས་ཁག་གཡོགས་ནས། ད་ལྟའི་ཆར་དྲག་རྒོལ་བྱེད་འཆར་ཡོད་པར་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
མི་མང་གིས་མང་གཙོའི་ལམ་ལུགས་ཡུལ་འདིར་ལག་བསྟར་མ་བྱས་བར་དུ་ཚོང་ཁང་དང་ཟ་ཁང།  དྲ་གནས་ཁག གནམ་ཐང་སོགས་སྒོ་ཕྱེ་མི་ཆོག་པའི་ལས་འགུལ་སྤེལ་ནས། དེང་སྐབས་ཡུལ་དེར་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་གཅིག་མཇུག་གཉིས་མཐུད་ཀྱིས་ཕྱིར་ཐོན་བྱེད་བཞིན་ཡོད་པ་དང། གཞུང་ངོས་ནས་མི་མང་གི་རེ་འདུན་དང་ལེན་བྱས་ན། སྲིད་བློན་དང་གྲོས་ཚོགས་སོགས་བསྐྱར་འདེམས་བྱེད་དགོས་ཀྱི་ཡོད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།