སྐྱེ་དགུའི་ས་ཡོམ་གོད་ཆག་གི་རྐྱེན་ངན་ལ་བཙན་བྱོལ་དུ་མྱ་ངན་དང་སྨོན་ལམ་མཆོད་འབུལ་ཞུ་བཞིན་པ།

དེ་བཞིན་སྐྱེ་དགུ་དགོན་པ་ལ་ས་ཡོམ་གྱིས་གནོན་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། འཁྲ་འགུ་དགོན་པ་ཡོངས་རྫོགས་རྩ་གཏོར་དུ་བཏང་ཡོད་འདུག ད་ལྟའི་ཆར་མི་མང་གི་ཚེ་སྲོག་སྐྱོབས་ཆེད་དུ་རོགས་རམ་བྱེད་མཁན་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་པ་གང་མང་འབྱོར་ནས་ཁང་པ་ཞིག་པའི་གྱང་རོའི་གསེབ་ནས་ཕུང་པོ་འདོན་པ་དང་། རྨས་མ་རྣམས་ཀྱི་སྲོག་སྐྱོབས་བཞིན་ཡོད་འདུག

ཇག་རྐུན་ཁག་ཅིག་གིས་མི་ཚང་གང་མང་གི་ནས་ཅ་ལག་རྐུ་འཁྱེར་དང་ཚོང་ཁང་སོགས་ཞིག་སྐྱོན་བྱུང་མེད་མཁན་རྣམས་ཀྱི་ནང་ནས་ཀྱང་སྒོ་བཅད་ནས་རྐུ་འཁྱེར་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག སྐྱེ་དགུ་ཁུལ་དུ་ས་ཡོམ་གྱི་གནོན་སྐྱོན་ཤུགས་ཆེ་དེ་ལྟ་བུ་བྱུང་བའི་གནས་ཚུལ་བཙན་བྱོལ་ནང་ཤེས་རྟོགས་བྱུང་བ་དང་འབྲེལ། དེ་རིང་ཕྱི་དྲོ་བོད་གཞུང་གི་གཞུང་ཞབས་ལས་བྱེད་པ་རྣམས་ཀྱིས་གངས་སྐྱིད་བོད་གཞུང་སྤྱི་ཐབ་ཡང་སྟེང་སྨོན་ལམ་འཚོགས་ཡོད་པ་དང་། ས་གནས་གཞིས་གྲོང་ཁག་ཅིག་ནས་ཀྱང་བསྔོ་སྨོན་མཆོད་འབུལ་བྱེད་བཞིན་ཡོད་འདུག དགོང་མོ་དྷ་རམ་ས་ལ་རུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་གོ་སྒྲིག་བྱེད་ཀྱི་ཡིན་འདུག།