སྐྱེ་དགུ་མདོའི་ས་ཡོམ་གནོད་སྐྱོན་ཞི་ཆེད་མཆོད་འབུལ་སྨོན་ལམ།

དེ་ཡང་ཕྱི་ཚེས་༡༤ ཉིན་གྱི་ཞོགས་པ་ཆུ་ཚོད་༧།༤༩ ཐོག་ཁམས་ཡུལ་ཤུལ་སྐྱེ་དགུ་ཁུལ་དུ་ས་ཡོམ་ཤུགས་ཚད་རིམ་པ་༧།༡ ཅན་ཞིག་བརྒྱབ་པར་བརྟེན་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། མི་མང་ཁྲི་ཕྲག་མང་པོར་སྡོད་ཁང་དང་འཚོ་བའི་རྟེན་གཞི་མེད་པ་ཆགས་པར་བརྟེན་བོད་ནང་དུ་ཡོད་པའི་བོད་མི་གང་མང་ཞིག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་གནོན་འཚེ་ཕོག་ཡུལ་དངོས་སུ་བསྐྱོད་ནས་རོགས་རམ་བྱེད་བཞིན་ཡོད་པ་དང། བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་རྒྱ་གང་ཆེ་སྤེལ་བཞིན་པ་བཞིན། དེ་བཞིན་སུད་སིར་གནས་བཞུགས་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ནས་ཁོང་གི་སུད་སིའི་ཆོས་ཚོགས་རིག་འཛིན་གསང་ཆེན་འོད་གསལ་ཐེག་མཆོག་གླིང་སོགས་ཡུ་རོབ་དང་ཨ་མི་རི་ཀ་སོགས་རྒྱལ་ཁབ་བརྒྱད་ཀྱི་ནང་དུ་ཡོད་པའི་ཁོང་གི་ཆོས་ཚོགས་ཁག་གིས་ཉིན་གཉིས་ཀྱི་རིང་ལ་བཟང་སྤྱོད་སྨོན་ལམ་དང་བདེ་སྨོན་སོགས་ལ་བརྟེན་ནས་མཆོད་འབུལ་སྨོན་ལམ་གནང་ཡོད་པ་རེད། དེ་བཞིན་ས་གནས་ཁག་གཞན་ནས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་བཞིན་ཡོད་པ་རེད།།