སྤྱི་འཐུས་ཀྱིས་རྒྱ་གར་ལ་ཐུགས་རྗེ་ལེགས་འབུལ་ཞུས།
རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་ཤྲི་ཨེན་ཌ་རེ་ཤུ་ཀུ་མར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་གཟེང་རྟགས་ཕུལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་བོད་མི་མང་སྤྱི་འཐུས་ཟུར་པ་ཀརྨ་ཆོས་འཕེལ་དང། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀར་ཎ་ཌ་ཀའི་དཔོན་རིགས་བོད་དོན་རྒྱབ་སྐྱོར་བར་བཀའ་དྲིན་རྗེས་དྲན་གྱི་གཟེང་རྟགས་ཕུལ་རྒྱུའི་གྲ་སྒྲིག་ཆེད་སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་པ་དང། ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་བཅས་གཞིས་ཆགས་སུ་འབྱོར་ཏེ། རྒྱ་གར་RSS ཚོགས་པའི་ཚོགས་གཙོ་ཟུར་པ་སུ་དྷར་ཤན་(Sudarshanji) མཆོག་དང་ཀར་ཎ་ཌ་ཀ་མངའ་སྡེའི་འཕྲོད་བསྟེན་དང་ཤེས་རིག་བློན་ཆེན་རམ་ཅན་དྷ་ར་(Ramchandra)། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་ཤྲི་ཨེན་ཌ་རེ་ཤུ་ཀུ་མར་(Shri Indresh Kumar) བཅས་ཀྱང་ཕྱི་དྲོ་ཆུ་ཚོད་བརྒྱད་ཙམ་ཐོག་བོད་མའི་གཞིས་སྒར་དུ་འབྱོར་ཡོད་པ་རེད།
ཚེས་༡༥ ཉིན་གྱི་ཞོགས་པ་གོང་འཁོད་རྒྱ་གར་དཔོན་རིགས་རྣམ་གྱིས་ས་གནས་བོད་མིའི་ཆོས་སྡེ་ཁག་སོགས་སུ་གཟིགས་སྐོར་གནང་། ཆུ་ཚོད་༡༡ དང་ཕྱེད་ཀྱི་ཐོག་༸རྒྱལ་བའི་ཕོ་བྲང་དུ་བོད་རིགས་སེར་སྐྱ་མི་མང་སུམ་སྟོང་བརྒལ་བ་འདུ་འཛོམས་བྱུང་བའི་ཐོག་”བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་གཟེང་རྟགས”་དེ་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནས་ཕུལ་ཡོད་པ་རེད། སྐབས་དེར་ཆོས་སྡེ་ཁག་གི་དགེ་འདུན་པ་དང་། སློབ་ཕྲུག མི་མང་བཅས་ཀྱིས་དགའ་བསུའི་གུས་འདུད་དང་བྲོ་གར་གྱི་གཟིགས་མོ་བཅས་ཕུལ་ཞིང་། སྐུ་མགྲོན་རྣམས་ཀྱིས་འཕགས་བོད་གྱི་འབྲེལ་ལམ་དང་། བོད་ཀྱི་རྩ་དོན། དེ་བཞིན་ཆོས་ཕྱོགས་ཀྱི་གསུང་བཤད་ཀྱང་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
ཉིན་རྒྱབ་སྤྱི་འཐུས་རྣམ་པས་རྒྱ་གར་དཔོན་རིགས་རྣམས་མེ་སོར་བར་དུ་ཕེནས་སྐྱེལ་གནང་སོང་ལ། ལས་དོན་འདིའི་སྔ་གཞུག་ཏུ་སྤྱི་འཐུས་རྣམ་པས་ཀར་ཎ་ཌ་ཀ་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་བཙུགས་རྒྱུའི་ལས་དོན་ཆེད་མངའ་སྡེའི་གནད་ཡོད་དཔོན་རིགས་མང་པོར་མཇལ་བཅར་ཞུས་ཡོད་པ་དང་། སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་། མང་གཙོ་དབུ་བརྙེས་པའི་དུས་དྲན་ཐེངས་ལྔ་བཅུ་པ་འཚོགས་རྒྱུའི་གོ་སྒྲིགས་ཀྱང་བྱེད་བཞིན་ཡོད་པ་རེད། མེ་སོར་གསར་འགོད་པས།