དཔེ་དེབ་བརྒྱ་ལོངས་པའི་འགྲེམས་སྟོན།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང། དེ་བཞིན་བོད་གཞུང་གི་བཀའ་བློན་ཁག་ཅིག་དང། སྤྱི་འཐུས་ཁག་ཅིག དྲུང་ཆེ་བཅས་ཁག་ཅིག།དེ་བཞིན་ཚོགས་པ་ཁག་གི་སྐུ་ཚབ་དང། ཤེས་ཡོན་མི་སྣ་སོགས་གདན་འདྲེན་ཞུས་ཡོད་པ་རེད།
སྐབས་དེར་གྲྭ་ཚང་གི་སློབ་སྤྱི་གདོང་རི་ཤེས་རབ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གསུང་བཤད་གནང་བ་དང། གྲྭ་ཚང་དེའི་རྩོམ་དེབ་བརྒྱ་པ་《སུམ་བཅུ་པའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་》ཞེས་དང། 《མི་རབས་གསུམ་གྱི་རྨ་ཁ་》ཞེས་པའི་བོད་མི་མང་གི་རྒྱ་ནག་འོག་ནས་དཀའ་ངལ་མྱངས་བའི་སྐོར་གྱི་དཔེ་དེབ་གཉིས་སྐུ་མགྲོན་རྣམ་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། དེ་རྗེས་གྲྭ་ཚང་དེའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ་སྐོར་རྩོམ་ཡིག་འགྲན་སྡུར་གོ་སྒྲིག་བྱས་པའི་ཨ་དང་པོ་དང་གཉིས་ཕ། གསུམ་པ་བཅས་ལ་བྱ་དགའ་དང་གཟེངས་བསྟོད་ཕྱག་ཁྱེར་གནང་ཡོད་པ་རེད།
གྲྭ་ཚང་དེའི་སྐབས་དང་པོའི་ཕར་ཕྱིན་རབ་འབྱམས་པ་རྣམས་དང། སྐབས་དགུ་པ་དང་བཅུ་པའི་མཐོ་རིམ་རིག་གནས་རབ་འབྱམ་པ་རྣམས་ལ་ཕྱག་ཁྱེར་གནང་ཡོད་པ་རེད།
ཚེས་༡༦ ཕྱི་དྲོ་ནས་༡༨ ཤེས་ཡོན་པའི་སྡེ་ཁག་གི་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང། སྐབས་དེར་༡ བོད་སྲིལ་བུའི་སྐབས་ཀྱི་བོད་ཀྱི་རྩོམ་རིག་གི་གནས་བབས་དང། ༢ བརྡ་སྤྲོད་གཞུང་ལུགས་དང་སྐད་བརྡའི་བར་གྱི་འབྲེལ་བ། ༣ གནའ་དེང་གི་བོད་ཀྱི་ལོ་ཙཱ་བ་དང་དེ་དག་གི་བསྒྱུར་ཆོས་ཀྱི་ཁྱད་པར། ༤ བོད་དང་མན་ཇུའི་རྒྱལ་རབས་བར་གྱི་འབྲེལ་བའི་སྐོར། ༥ བཙན་བྱོལ་བོད་མིའི་ཤེས་ཡོན་འཕེལ་འགྲིབ་ཀྱི་གནས་བབས། ༦ རྩོམ་དེབ་བརྒྱ་ཡི་ནང་དོན་དང་དེས་བོད་ཀྱི་རིག་གཞུང་ལ་ཕན་ནུས་ཅི་ཐོན། ༧ ཆོས་ཁས་ལེན་མིན་གྱི་མཚམས་འཛིན་དང་དེའི་དགེ་སྐྱོན། ༨ དུས་རབས་ཉེར་གཅིག་པའི་ནང་སྲོལ་རྒྱུན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ལས་གང་གཙོ་བོར་འཛིན་དགོས་མིན། ༩ བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་གྱི་གལ་གནད་ཆེ་ཆུང་བཅས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།།