ས་ཡོམ་གྱི་གོད་ཆག་བྱུང་སའི་ཆེད་ཞལ་འདེབས་བསྡུ་རྒྱུ་ཡིན།
གཞོན་ལྷན་གྱི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ སྔ་དྲོར་བོད་མདོ་ཁམས་སྐྱེ་དགུ་མདོ་ཁུལ་དུ་ཧ་ཅང་ཤུགས་ཚད་ཆེ་བའི་ས་ཡོམ་ཞིག་བརྒྱབ་སྟེ། ས་གནས་བོད་མིའི་སྡོད་ཁང་བརྒྱ་ཆ་བརྒྱད་ཅུ་ལྷག་གཏོར་སྐྱོན་དང་ཞིག་རལ་དུ་གྱུར་ཅིང། སློབ་མ་དང། དགེ་རྒན། ཕྲུ་གུ། དགེ་འདུན་པ་སོགས། ཁྱོན་བསྡོམས་བོད་མི་སྟོང་ཕྲག་དུ་མའི་རྩ་ཆེའི་ཚེ་སྲོག་ཤོར་ཏེ། ཕུང་པོ་བྱ་རྒོད་ཀྱིས་ཟ་མི་ཐུབ་པའི་གནས་སུ་གྱུར་ཡོད་པ་དང༌། དེ་དག་གི་ཁྲོད་དུ་ནང་མི་རྩ་མེད་ཕྱིན་པ་དང༌། ཕ་མ་གཉིས་ཀ་ཤི་ནས་དྭ་ཕྲུག་ཏུ་ལུས་པའི་ཕྲུ་གུ་ཆུང་ཆུང་ཡང་ཇི་སྙེད་ཅིག་ལྷག་ཡོད། དེ་བཞིན་བོད་མི་སྟོང་ཕྲག་དུ་མར་ཚབས་ཆེའི་རྨས་སྐྱོན་ཕོགས་པ་དང༌། གར་སོང་ཆ་མེད་དུ་གྱུར་པ། ཤུལ་ལུས་རྣམས་ཀྱང་ཁ་ལག་དང་གྱོན་གོས་སོགས་འདང་ངེས་མེད་པར་ཤི་བཞིན་པ་བཅས་ཀྱི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
ཐེངས་འདིའི་ས་ཡོམ་ཁྲོད་མི་ཤི་བའི་གྲངས་འབོར་རྒྱ་ནག་གཞུང་གིས་བཤད་དོན་ལྟར་ན་མི་ཆིག་སྟོང་ཆིག་བརྒྱ་ཞེ་བཞི་ཙམ་ལས་མེད་ཀྱང༌། ས་གནས་ཡུལ་མི་དང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁྱོན་བསྡོམས་མི་ཆིག་ཁྲི་ནས་བཞི་ཁྲི་བར་སྲོག་ཤོར་ཡོད་སྐོར་གསུང་གི་ཡོད།
མདོར་ན། ད་ལྟའི་ཆར་མི་ཤི་རྨས་ཀྱི་གྲངས་འབོར་དང་རོགས་སྐྱོབ་གྱི་གནས་སྟངས་སོགས་ས་གནས་ཡུལ་མིས་བཤད་པ་དང༌། རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ཏུ་ཐོན་པའི་བར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། མི་ཤི་རྨས་ཕྱིན་པ་ཧ་ཅང་མང་པོ་ད་དུང་ཡང་མྱུར་སྐྱོབ་མ་ཐུབ་པར་ཁང་པ་ཞིག་རོའི་འོག་ཏུ་ལུས་མུས་ཡིན་འདུག
རྒྱལ་སྤྱིའི་ཚད་ལྡན་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། སྨན་པ་དང་རོགས་སྐྱོབ་མཐུན་རྐྱེན་འདང་ངེས་མེད་པར་བརྟེན། རྨས་མ་རྣམས་ཧ་ཅང་ཉེན་ཁ་དང་དཀའ་ཚེགས་ཆེ་བའི་གནས་སུ་ལུས་ཡོད་ཅིང༌། ཤུལ་ལུས་རྣམས་ཀྱི་སྡོད་ཁང་དང༌། སློབ་གྲ། དགོན་སྡེ་གྲྭ་ཚང་སོགས་འཚོ་གནས་སླར་གསོ་བྱ་བར་དུས་ཚོད་དང་རྒྱུ་གྲོན་ཤུགས་ཆེ་གཏང་དགོས་པའི་དཀའ་ཁག་གི་གནས་སྟངས་ཇེ་གསལ་དུ་འགྲོ་བཞིན་པ་མ་ཟད། ཤི་རྨས་ཕྱིན་པའི་གྲངས་འབོར་ཡང་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད།
དེར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པོ་རྣམ་པའི་ཆེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་
ཞུས་དང༌། ས་གནས་གཞོན་ནུ་ཡོངས་ལ་བཀོད་ཁྱབ་བཏང་ཟིན་པའི་འབྲུ་དོན་ལྟར། འདི་ཟླའི་ཚེས་ ༢༠ ཉིན་ས་གནས་གཞོན་ནུ་ཡོངས་ནས་བདུན་ཚིག་དང་པོ་དང་བསྟུན། མཆོད་འབུལ་སྨོན་ལམ་ཟབ་རྒྱས་དང༌། ཤུལ་ལུས་རྣམས་ཀྱི་འཚོ་གནས་སླར་གསོའི་ཆེད་ཞལ་འདེབས་བསྡུ་རུབ་ཞུ་རྒྱུ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་ཞིག་གང་མགྱོགས་སྐྱེ་རྒུ་མདོར་གཏོང་ཐབས་ཞུ་རྒྱུ་དང༌། དེ་ལྟར་མ་བྱུང་ཚེ་གཞོན་ནུའི་སྐུ་ཚབ་བམ། རྒྱལ་སྤྱིའི་ཚད་ལྡན་གྱི་འགན་ལེན་ལྡན་པའི་ཚོགས་སྡེ་ཞིག་བརྒྱུད། ཞལ་འདེབས་ཀྱི་དངུལ་རྣམས་ས་གནས་ས་ཐོག་ཏུ་བཙན་བྱོལ་བོད་མིའི་མིང་ཐོག་ནས་འབུལ་ཐུབ་པ་བྱ་རྒྱུ་ཡིན།
གོང་ཞུས་བཞིན་ས་ཡོམ་གྱི་གནོད་འཚེའི་འོག་མི་འབོར་ཁྱོན་ཆེ་ཤི་རྨས་བྱུང་བ་དེ་ནི། བོད་རྒྱལ་ཁབ་དང་བོད་མི་རིགས་སྤྱིའི་ལོ་རྒྱུས་ཀྱི་གོད་ཆག་དང༌། ཡིད་སྐྱོའི་ཉམས་ཉེས་ཚབས་ཆེན་ཞིག་ཡིན་ལ། དེ་ནི་མི་འབོར་ཉུང་དྲག་པ་དང་ཛ་དྲག་གི་དུས་སྐབས་འདིར་བོད་ཀྱི་མི་འབོར་དང་སྟོབས་ཤུགས་ཀྱི་གོད་ཆག་འཕར་མ་ཞིག་ཀྱང་ཡིན་པས། བཙན་བྱོལ་དུ་གནས་འཁོད་རང་རིགས་ཡོངས་ནས་རིགས་ཞེན་ཟབ་མོས་སྐྱིད་སྡུག་མཉམ་མྱོང་གིས་རང་ནུས་སླར་གསོ་དང༌། རང་དོན་རང་གཅེས་ཀྱིས་ཞལ་འདེབས་མི་ཉུང་བ་རེ་ས་གནས་གཞོན་ནུ་བརྒྱུད་ངེས་གནང་ཡོང་བ་ཞུ།
དེ་རིང་གོ་སྐབས་འདི་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ས་ཡོམ་འོག་འདས་གྲོངས་ཕྱིན་པ་རྣམས་ལ་ཡིད་གདུངས་དྲག་པོས་མྱ་ངན་བསྔོ་སྨོན་དང༌། ཤུལ་ལུས་རྣམས་ལ་སེམས་ཚོར་བཅོས་མིན་གྱིས་ཐུགས་གསོ་ཞུ་རྒྱུ་མ་ཟད། ཁྱེད་རྣམས་ནས་རེ་བ་དང་བློ་སྟོབས་མ་ཞུམ་པར་ཡིད་ཆེས་དང་ཆིག་སྒྲིལ་གྱིས་སྡོད་ཁང་དང༌། སློབ་གྲ། དགོན་སྡེ་གྲ་ཚང༌། དཔལ་འབྱོར་སོགས་འཚོ་གནས་བསྐྱར་སྐྲུན་སླར་གསོ་ཡོང་བར་འབད་འབུངས་དགོས་པའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།
ལྷག་པར་དགོན་སྡེ་ཁག་གི་གཙོས་རང་རིགས་རྣམས་ནས་མ་སྐུལ་དྭངས་བླངས་ཀྱིས་ཛ྄་དྲག་མྱུར་སྐྱོབ་རོགས་རམས་དུས་ཐོག་གནང་དང་གནང་བཞིན་པ་ནི། མི་ཆོས་ཀྱི་རིན་ཐང་དང་རེ་སྤོབས་ཀྱི་གཞི་རུ་གྱུར་པས། དེ་དག་ལ་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཆེས་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཞིག་ལ། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་རྨས་མ་མྱུར་སྐྱོབ་དང༌། ཤུལ་ལུས་ཚོའི་འཚོ་གནས་སླར་གསོ་ཡོང་བར་ངེས་པར་ཕྱོགས་གང་ཐད་ནས་རོགས་སྐྱོབ་ཡོང་བ་དང༌། རྒྱ་ནག་གཞུང་གིས་ཀྱང་འགྲོ་བ་མིའི་ཚེ་སྲོག་དང་འཚོ་གནས་ལ་གཅིག་མཚུངས་ཆེ་མཐོང་གིས་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་རོགས་སྐྱོབ་བྱ་བར་དྭང་ལེན་དང་མཐུན་འགྱུར་དོན་ཕན་ལྡན་པ་ངེས་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ལྷག་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ས་གནས་ས་ཐོག་ལ་འཕྲལ་མ་ཉིད་དུ་ཕེབས་ནས་རྒྱལ་སྤྱིའི་མི་མང་ཚོར་ས་གནས་ཀྱི་གནས་ཚུལ་དངོས་གསལ་སྟོན་གནང་སྟེ། རྒྱལ་སྤྱིའི་རོགས་སྐྱོར་འབོད་སྒུག་གིས་མི་ཆོས་དགེ་བའི་ལས་བཟང་སྒྲུབ་པར་ནུས་ལྡན་གྱི་བལྟ་སྐུལ་དགོས་པ་དང༌། རྒྱ་ནག་གཞུང་ནས་ཀྱང་དེ་དག་ལ་དྭང་ལེན་དང་མཐུན་འགྱུར་ངེས་གནང་ཡོང་བའི་འབོད་སྐུལ་བཅས་ཞེས་འཁོད་འདུག །