རྫོགས་ཆེན་རིན་པོ་ཆེ་མཆོག་གི་སེམས་གསོའི་གསུང་འཕྲིན།

དེ་ཡང་གསུང་འཕྲིན་ནང་འཁོད་དོན།  ཟླ་འདིའི་ཚེས་༡༤ ཉིན་གངས་ལྗོངས་བོད་ཀྱི་ས་གནས་ཁམས་སྐྱེ་དགུ་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཤུགས་ཆེ་བྱུང་ནས་མི་སྟོང་ཕྲག་མང་པོ་རྐྱེན་འདས་སུ་སོང་པ་དང་། བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་པ། ཁྲི་ཕྲག་ལ་རྨས་སྐྱོན་ཚབས་ཆེན་བྱུང་བའི་གནས་ཚུལ་བྱུང་བར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། གནས་ཚུལ་དེ་གོ་མ་ཐག་གྲུབ་དབང་རྫོགས་ཆེན་དགོན་དང་ཆོས་བརྒྱུད་ཡོངས་ལ་རྒྱུད་སྐུལ་བྱས་ནས། གཤིན་པོར་བསྔོ་སྨོན་དང་རྨས་མར་སྐྱབས་འཇུག གསོན་པོར་སེམས་གསོ་རེ་བྱེད་རྒྱུ་ཙམ་ལས་ཐབས་གཞན་གང་ཡང་མ་བྱུང་བས། འཕྲལ་དུ་གྲུབ་དབང་རྫོགས་ཆེན་དགོན་ནས་ཀར་གླིང་ཞི་ཁྲོའི་གནས་ཆོག་སོགས་འདོན་རྒྱུའི་གྲ་སྒྲིག་བང་རིམ་བྱས་པ་ཡིན།  དེ་བཞིན་གོད་ཆག་བྱུང་བའི་ས་གནས་དེ་ཀའི་མྱུར་སྐྱོབས་མི་སྣ་དང་རོགས་སྐྱོར་པ་རྣམས་དང་། ལྷག་པར་བོད་གྱི་དགེ་འདུན་པ་རྣམས་ཀྱིས་དུས་ཐོག་རོགས་སྐྱོར་བྱེད་དང་བྱེད་བཞིན་པར་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛ་དྲག་གི་དུས་དེར་ཉིན་རེ་བཞིན་མི་མང་ལ་བདག་པོ་དང་རྨས་མ་རྣམས་ལ་སྨན་བཅོས་དུས་ཐོག་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡིན།  ངོས་རང་ནས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་གོད་ཆག་བྱུང་བའི་ས་གནས་དེར་རོགས་རམ་གང་ཐུབ་བྱེད་རྒྱུའི་རེ་འདུན་ཡོད་ལ། མཐར་འདས་གྲོངས་སུ་གྱུར་པ་རྣམས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་དམིགས་པ་དང་མཆོག་གསུམ་ལ་གསོལ་འདེབས་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་སེམས་གསོ་བྱེད་བཞིན་ཡོད་པ་ཡིད་འཇགས་འཚལ། རྫོགས་སྤྲུལ་བདུན་པས།” ཞེས་འཁོད་ཡོད་འདུག་ལ། གོང་འཁོད་དགོངས་དོན་བཞིན་གྲུབ་དབང་རྫོགས་ཆེན་དགོན་ནས་ཀར་གླིང་ཞི་ཁྲོའི་གནས་ཆོག་དང་བསྔོ་སྨོན་མཆོད་འབུལ་བྱེད་བཞིན་ཡོད་འདུག མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།