སྦེལ་ཀོབ་ས་གནས་བུད་མེད་ཀྱི་ལོ་འཁོར་ཚོགས་ཆེན།

དེ་ཡང་ཉིན་གུང་ཆུ་ཚོད་བཅུ་པའི་ཐོག་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་འི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་། དེ་བཞིན་འབྲེལ་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་དགོན་པ་ཁག་གི་མི་སྣ་མཉམ་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་ལེན་བཞིན་ཚོགས་ཆེན་འགོ་འཛུགས་བྱས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམ་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུས་རྗེས་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ཀྱིས་བོད་ནང་གི་ཁམས་སྐྱེ་དགུ་ཁུལ་དུ་ས་ཡོམ་གྱིས་གོད་ཆག་བྱུང་བའི་འོག་སྤུན་ཟླ་མང་པོ་འདས་གྲོངས་སོང་བར་མྱ་ངན་དང་། ཤུལ་ལུས་རྨས་མ་དང་ནང་མི་ཡོངས་ལ་སེམས་གསོ་ཞུ་བ་དང་སྦྲགས་ཚོགས་ཆེན་ངོ་སྤྲོད་གནང་སོང་། དྲུང་ཆེ་བསྟན་འཛིན་སྒྲོལ་མས་སྙན་སྒྲོན་ཞུས་པའི་ལོ་འཁོར་ལས་བསྡོམས་ནང་ཕྱི་ལོ་༢༠༠༩ ལོའི་ཟླ་༤ པའི་ཚེས་༡ ནས་འདི་ལོའི་ཕྱི་ཟླ་༣ ཚེས་༣༡ བར་སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱིས་ཆབ་སྲིད་དང་འབྲེལ་བའི་ཐོག་ལས་འགུལ་ཐེངས་༢༨ དང་། ཆོས་དང་རིག་གཞུང་དང་འབྲེལ་བ་ཐེངས་༨  འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུའི་ཆེད་ཐེངས་༢ སྣེ་ལེན་དང་མཛད་སྒོ་ཁག་ཐེངས་༦ ཁོར་ཡུག་སྲུང་སྐྱོབས་ཆེད་ཐེངས་༢ དཔལ་འབྱོར་འདུ་འགོད་ཐེངས་གཅིག གནས་ཡུལ་རྒྱ་གར་ཡུལ་མི་དང་མཛའ་འབྲེལ་ཡོང་ཆེད་ལས་འགུལ་ཐེངས་༧ བཅས་ཁྱོན་ལས་འགུལ་ཐེངས་༥༤ སྤེལ་ཡོད་པར་འགོད་འདུག དེ་བཞིན་ལས་འགུལ་དེ་དང་འབྲེལ་ཡོད་ཀྱི་ཚོགས་འདུ་ཡང་རྒྱུན་ལས་རྣམས་ཐེངས་༢༤ དང་། རྒྱུན་ལས་རུ་དཔོན་རྣམས་མཉམ་ཚོགས་ཐེངས་༡༡ ཚོགས་མི་རྣམས་ཐེངས་༥ འཚོགས་ཡོད་འདུག སྐུ་མགྲོན་གཙོ་བོ་སློབ་སྤྱི་ཐར་ལམ་སྒྲོལ་མ་ལགས་ནས་བུད་མེད་ཀྱི་འཇོན་ཐང་དང་། བུད་མེད་ཀྱི་ལས་འགན་སྒྲུབ་སྟངས་དང་འབྲེལ་བའི་གཏམ་བཤད་སྤེལ་རྗེས་རི་དཔོན་གསར་རྙིང་བརྗེ་ལེན་བྱུང་བ་རྣམས་ལ་ལེགས་གསོལ་དང་། ཚོགས་མི་གསར་པ་རྣམས་ལ་དགའ་བསུའི་ཁ་བཏགས་བསྒྲོན་རྗེས་ཚོགས་ཆེན་གྲོལ་ཡོད་པ་རེད། མེ་སོར་གསར་འགོད་བ་བཀྲ་ཤིས་བདེ་ལེགས་ཀྱིས།