རྫོང་སར་བཤད་གྲྭའི་ཐུགས་གསོའི་འཚམས་འཕྲིན།

བོད་མདོ་ཁམས་སྐྱེ་རྒུ་མདོའི་ཕྱོགས་སུ་ས་ཡོམ་གྱིས་གནོད་འཚེ་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་འདི་ཐོས་མ་ཐག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤུན་ཟླ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། དེ་མ་ཐག་༸སྐྱབས་མགོན་ཡིད་བཞིན་ནོར་བུས་དབུས་པའི་བླ་ཆེན་རྣམས་དང་། ལྷོ་བྱང་གི་གདན་ས་དང་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་རྣམས་ཀྱིས་དུས་ནས་དུས་སུ་གསོལ་སྨོན་གནང་བ་དང་། གཞུང་དང་སྒེར་གྱི་ཚོགས་སྡེ་དང་། སྒྲིག་འཛུགས། མི་མང་བཅས་ནས་གདུང་སེམས་མཚོན་པའི་འདུ་འཛོམས་དང་དགེ་སྒྲུབ་ལ་གཞོལ། རྒྱལ་སྤྱིའི་རླབས་ཆེན་གྱི་དབུ་ཁྲིད་དང།  ཆོས་ལུགས་ཀྱི་གཙོ་འཛིན་མཚོན་པའི་ཆེ་རྒུ་མཐའ་དག་གིས་ཀྱང་གདུང་སེམས་མཉམ་བསྐྱེད་གནང་།
zongsar2ཁྱད་པར་དུ། ཁྱེད་ཅག་གི་ཉེ་འཁོར་ན་ཡོད་པའི་དགེ་འདུན་པ་གཙོས་པའི་མི་མང་ཤིན་ཏུ་མང་པོ་དག་གིས་མ་བསྐུལ་དང་བླངས་ཀྱིས་ཉེན་སྐྱོབ་ཀྱི་བྱ་བ་བསྒྲུབས་ཤིང་ཆོལ་ཁ་གསུམ་དང་། གཞི་བྱེས་གཉིས་ཀྱིས་མཚོན་པའི་སྤུན་ཟླ་ཡོངས་ཐེངས་འདིའི་ཡ་ང་བའི་གོད་ཆག་ལ་ཚད་མཐོའི་གདུང་སེམས་མཚོན་པའི་ཉམས་ཞུགས་གནང་རྒྱུ་ཡིན་པའི་མངོན་རྟགས་བཟང་བོ་ཤར་བ་འདིས། ང་ཚོས་དཀའ་ངལ་གྱི་ཁྲོད་ནས་རིན་ཐང་གཞན་ཞིག་དང་འདུ་ཤེས་གཞན་ཞིག་རྙེད་མགོ་བརྩམས་པར་བརྗོད་ཆོག་ཅིང། འདིས་ནི་ང་ཚོ་རྩ་བས་འགྲོ་བ་མིའི་རིགས་ཀྱི་ཕན་ཚུན་རོགས་རེས་ཀྱི་བཟང་སྤྱོད་མཚོན་པ་ཙམ་མ་ཟད། དེ་བས་ཀྱང་སྤུན་ཟླ་གངས་ཅན་པའི་སྐྱིད་སྡུག་མཉམ་མྱོང་གི་འགྱུར་བ་མེད་པའི་སྙིང་སྟོབས་དང་རླབས་ཆེན་གྱི་རང་བཞིན་མཚོན་ཡོད།
དུས་སྐབས་འདིར། འདི་ག་འཕགས་ཡུལ་རྫོང་སར་བཤད་གྲྭའི་ངོས་ནས་ཀྱང་སྤྱི་དང་ཁྱད་པར་གྱི་འབྲེལ་བ་ཟབ་ཅིང་དམ་ཚིག་དང་ལ་རྒྱ་གཅིག་གིས་སྦྲེལ་བའི་རང་བྱུང་ས་ཡོམ་གྱིས་གནོད་འཚེ་ཐེབས་པའི་སྤུན་ཟླ་རྣམ་པར་གདུང་ཤུགས་ཆེན་པོས་མྱ་ངན་གྱི་གུས་འདུད་དང་སྦྲགས། རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་བསྔོ་སྨོན་དང་། དེ་བཞིན་རྨས་སྐྱོན་དང་གནོད་འཚེ་ཕོག་པའི་མི་མང་དག་གི་ཆེད་དུ་ཞབས་རིམ་དང་གསོལ་འདེབས། ཡིད་གདུང་གི་མཚོ་མོར་འཕྱན་པའི་མྱ་ངན་ཅན་རྣམས་ལ་གདུང་སེམས་མཚོན་པའི་ལས་འགུལ་བཅས་སྤེལ་དང་སྤེལ་མུས་ལགས་ན། ཁྱེད་རྣམས་ནས་ཀྱང་ཚར་བའི་ལས་ལ་བྱ་བའི་ཐབས་མེད་པའི་དྲན་ཤེས་དང་བཅས་བཟོད་བསྒོམས་ཆེན་པོ་གནང་བ་དང་ཆབ་གཅིག བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་རང་གི་སྔོན་གསག་ལས་ངན་སྦྱོང་བའི་ཐབས་སུ་བསམ་སྟེ་ཆོས་ཀྱི་བློ་སྦྱོང་གང་ལེགས་གནང་རྒྱུ་དང་། དེ་མིན་མྱུར་སྐྱོབ་དང་སྒར་གཞིས་གསར་འཛུགས་སོགས་ཀྱི་ལས་དོན་མཐའ་དག་ལྷོད་གཡེངས་མེད་པར་ཕན་ཚུན་རོགས་རེས་ཀྱི་ཐོག་ནས་འབད་བརྩོན་གནང་གལ།
མཇུག་ཏུ། བཤད་གྲྭ་འདིར་གཏོགས་པའི་དགེ་སློབ་ས་ཡོམ་གྱི་གནོད་འཚེ་དང་ཐད་ཀར་འབྲེལ་བ་ཡོད་པ་རྣམས་ལ་ཡང་དམིགས་བསལ་ཐུགས་གསོ་ཞུ་རྒྱུ་བཅས།

འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་དགེ་སློབ་ཡོངས་ནས།
ཕྱི་ལོ་༢༠༡༠་ཟླ་བ་༤་ཚེས་༡༦་ཉིན།།