ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་ཟེར།
བོད་ལྗོངས་ཆ་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ཟླ་༤ བའི་ཚེས་༡༨ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མཚོ་སྔོན་ཡུལ་ཤུལ་ལུས་རྩལ་ཐང་ཆེན་གྱི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་སའི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་རུ་ཁག་ནས་གནོད་ཐེབས་མང་ཚོགས་དང་སྨན་པར་འཚམས་འདྲི་མཛད་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཚེས་༡༨ ཉིན་གྱི་ཉིན་གུང་གི་ཆུ་ཚོད་༡༢ ལྷག་གི་སྟེང་། མཚོ་སྔོན་ཡུལ་ཤུལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་ས་སྐྱེ་རྒུ་གྲོང་རྡལ་གྱི་བཀྲ་ཤིས་དར་ཐང་སྡེ་བར་ཕེབས་ཏེ་གནོད་འཚེའི་གནས་ཚུལ་ལ་གཟིགས་བཤེར་མཛད་པ་དང་། གནོད་ཐེབས་མང་ཚོགས་དང་གནོད་སེལ་རྒུད་སྐྱོབ་ལ་ཞུགས་པའི་བཅིངས་འགྲོལ་དམག་གི་ བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མི་སྣ་སོགས་ལ་འཚམས་འདྲི་མཛད། ཧུའུ་ཅིན་ཐའོ་ཡིས་ས་དེ་ནས་ཧྥིན་ཧོང་འཁོར་སྐར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་འདི་སྐད། དེང་སྐབས་ཆེས་གལ་ཆེ་བ་ནི་སྟོབས་ཤུགས་ཡོད་དགུ་བཏོན་ནས་མི་བསྐྱབས་ཏེ་མི་རེ་རེའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་དེ་ཡིན་ལ། དེ་དང་མཉམ་དུ་གནོད་ཐེབས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་མྱུར་དུ་སླར་གསོ་བྱེད་དགོས་ཞེས་གསུངས།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ས་ཡོམ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བའི་དེང་སྐབས་ཀྱི་ལས་འགན་ཨང་དང་པོ་ནི་ཉེན་ཁའི་གནས་སུ་ལྷུང་བའི་མི་སྐྱོབ་ཐབས་བྱས་ཏེ་མི་རེ་རེའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་དེ་ཡིན་ལ། དེ་དང་མཉམ་དུ་རྨས་མར་སྨན་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་རྒྱུ་དང་། ལས་འགན་ཨང་གཉིས་པ་ནི་གནོད་འཚེ་ཐེབས་སའི་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་བཟང་པོ་བྱེད་རྒྱུ་དེ་ཡིན་པས། ཁོ་ཚོར་ཟས་དང་དྭངས་གཙང་གི་ཆུ། འདུག་སའི་གནས། གྲང་ངར་ཁོག་པའི་ལྭ་བཅས་ཡོད་པར་བྱེད་དགོས། ལས་འགན་གསུམ་པ་ནི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱས་ཏེ། ས་ཡོམ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བ་དང་རྗེས་ཕྱོགས་ཀྱི་གནོད་འཚེའི་རྗེས་ ཀྱི་བསྐྱར་འཛུགས་ལ་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན། ལས་འགན་ཨང་བཞི་བ་ནི་བྱིས་པ་ཚོར་སེམས་ཁུར་བྱས་ཏེ། མྱུར་དུ་ཁོ་ཚོར་མཐུན་རྐྱེན་བསྐྲུན་ནས་སློབ་ཁྲིད་སླར་གསོ་བྱེད་རྒྱུ་དེ་ཡིན་ ཞེས་གསུངས།