མེ་རི་འབར་གས་ཀྱིས་མཁའ་ལམ་བཀག་འགོག

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་འགའི་སྔོན་དུ་ཡུ་རོབ་ཀྱི་ཨཱ་སི་ལན་ཌི་ནང་མེ་རི་འབར་གས་བྱུང་ཡོད་པ་དང། མེ་རི་འབར་གས་བྱུང་ལ་ཉེ་བའི་མཚམས་སུ། ཚན་རིག་པས་འཕྲུལ་རིག་ལ་བརྟེན་ནས་ཤེས་རྟོགས་བྱུང་ཡོད་པས། ཡུལ་དེ་གའི་མི་རྣམས་སྲོག་ཉེན་ལས་ཐར་ཡོད་རུང། ཡུལ་དེ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མཁའ་ལམ་རྣམས་མེ་རི་གས་འཐོར་གྱི་དུད་སྤྲིན་གྱིས་བསྒྲིབས་ཡོད་པས། གནམ་གྲུ་རྣམས་འཕུར་མཚམས་འཇོག་དགོས་བྱུང་ཡོད་པ་དང། ཆབ་སྲིད་མི་སྣ་དང་ཚོང་པ་ཆེ་ཁག་སོགས་འཆར་གཞི་ལྟར་འགྲོ་བསྐྱོད་མི་ཐུབ་པའི་དཀའ་ངལ་དང། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་སོགས་ལ་གྱོང་གུད་ཧ་ཅང་ཚབས་ཆེན་ཕོག་ཡོད་འདུག
དེ་དང་འབྲེལ་ནས་ཡུ་རོབ་མཉམ་འབྲེལ་གྱི་ཚོང་ཟོག་ཕྱིར་གཏོང་ལྷན་ཚོགས་ཀྱི་འགན་འཛིན་གྱིས། ད་ལྟའི་ཆར་ང་ཚོས་དུད་སྤྲིན་མ་ཡལ་བར་དུ་ངང་སྒུག་བྱེད་ཐབས་མེད་པས། རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱིས་ཐབས་ལམ་འཚོལ་དགོས་ཞེས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ་བརྗོད་ཡོད་རུང། ཚན་རིག་པ་ཚོས་ད་དུང་བདུན་གཅིག་རིང་ལ་གནམ་གྲུ་འཕུར་མཚམས་མ་བཞག་ན། ཉེན་ཁ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་ཡོད་པས། ཡུ་རོབ་ཀྱི་རྒྱལ་ཁབ་འགའ་རེས་ཟླ་འདིའི་ཚེས་༢༧ བར་གནམ་ཐང་སྒོ་རྒྱག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག
ད་ལྟའི་ཆར་ཡུ་རོབ་མཉམ་འབྲེལ་གྱི་དཔོན་རིགས་རྣམས་ཆེད་དུ་འཛོམས་ནས། མཁའ་ལམ་གྱི་དཀའ་ངལ་སེལ་ཐབས་སུ་ཚོད་ལྟའི་གནམ་གྲུ་མཁའ་དབྱིངས་སུ་བཏང་བ་སོགས་བྱས་བཞིན་ཡོད་རུང། དུད་སྤྲིན་བརྒྱུད་ནས་འགྲོ་ཐབས་བྱེད་རྒྱུ་ཧ་ཅང་ཉེན་ཁ་ཆེ་བས། འགྲུལ་པ་རྣམས་ཀྱིས་གནས་སྐབས་རིང་ངང་སྒུག་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད། མཁའ་ལམ་ནི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ལམ་བུ་ཆེ་ཤོས་དེ་ཡིན་པས། ད་དུང་ཡང་ཉིན་གྲངས་འགའི་རིང་གནམ་གྲུ་ཕུར་མཚམས་འཇོག་དགོས་བྱུང་ན། འཛམ་གླིང་གི་ཁྲོམ་ར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པའི་སྐོར་ཡང་བརྗོད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།