བོད་རྒྱ་འབྲེལ་མོལ་སྐབས། རྒྱ་ནག་དམར་གཞུང་གིས་རྒྱ་ནག་མི་མང་ལ་སྦས་སྐུང་ག་རེ་བྱས་ཡོད་དམ།
བོད་རྒྱ་འབྲེལ་མོལ་དེ་ཟླ་བ་བཅོ་ལྔ་བར་མཚམས་ཆད་པའི་རྗེས་སུ། འདི་ལོའི་ཕྱི་ཟླ་དང་པོར་རྒྱ་ནག་པེ་ཅིན་གཞུང་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་དུ་བསྐྱར་དུ་འབྲེལ་མོལ་མུ་མཐུད་པ་རེད། འོན་ཀྱང༌། འདི་ནི་པེ་ཅིན་ཀྲུང་ནན་ཧད་དུ་གནས་སྡོད་བྱས་པའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་ཞུས་སྔོན་དུ། ཁོང་ཚོའི་བསམ་ཚུལ་ལྟར་རྒྱ་བོད་འབྲེལ་མོལ་བྱེད་བཞིན་པའི་ཕྱི་ཚུལ་གྱི་རྣམ་པ་སྟོན་རྒྱུ་ཙམ་ཞིག་བཟོས་པ་རེད།
འབྲེལ་མོལ་བྱེད་རིང༌། རྒྱ་དམར་འཐབ་ཕྱོགས་གཅིག་བསྒྲིལ་ཁང་གི་བློན་ཆེན་ཏུའུ་ཆིང་ལིན་གྱིས་བོད་ཀྱི་སྐུ་ཚབ་རྣམས་ལ་ལོ་འདིའི་ལོ་འགོར་ཚོགས་པའི་རྒྱ་ནག་གཞུང་གི་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་”དང་ཚོགས་འདུའི་ཐོག་གསལ་བསྒྲགས་བྱས་པའི་“མ་འོངས་ལོ་བཅུའི་ནང་བོད་ཀྱི་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ལས་འཆར་”ངོ་སྤྲོད་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་འདི་“དུས་བདེ་ཞི་འཇགས་”ངང་“དུས་རབས་ལས་བརྒལ་བའི་གོང་འཕེལ་”གཏོང་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད། “བཞུགས་མོལ་ཚོགས་འདུ་”དང་“ལས་འཆར་”འདོན་སྤེལ་བྱས་པ་དེ་གཉིས་ཀྱི་རྒྱབ་ལྗོངས་ནི། རྒྱ་ནག་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་མ་འཚོག་གོང༌། ཕྱི་ལོ་༢༠༠༨ ཟླ་བ་༣ པའི་ནང་བོད་མིས་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བ་དང༌། དེའི་སྐབས་རྒྱ་ནག་གཞུང་གི་གསང་མྱུལ་ཁག་གཅིག་གིས་དྲག་པོའི་ཟིང་ཆ་བསླངས་ཏེ། རྒྱ་ནག་གཞུང་གི་དྲག་པོའི་དཔུང་དམག་གིས་བོད་མིར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་འཛམ་གླིང་གི་མི་རྣམས་ཧ་ལས་པ་རེད། དེའི་མཇུག་ཏུ་པེ་ཅིན་དུ་གནས་འཁོད་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་(设在北京的民间组织“公盟)ཀུང་མང་ཞེས་པས་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱས་པར་བསྐྱོད་དེ། 《བོད་ཁུལ་གྱི་ཕྱི་ཟླ་ ༣ ཚེས་ ༡༤ དོན་རྐྱེན་ནང་སྤྱི་ཚོགས་དང་དཔལ་འབྱོར་གཏོར་སྐྱོན་བྱུང་ལུགས་ཀྱི་བརྟག་དཔྱད་སྙན་ཐོ་》བཏོན་པའི་མཇུག་བསྡོམས་ནང༌། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་བོད་མི་རྣམས་མཐར་ཕུད་པ་དང༌། བོད་རྒྱའི་དབར་དབུལ་ཕྱུག་བར་ཁྱད་ཚབས་ཆེ་ཡོད་པར་བརྟེན། འདི་ནི་བོད་མི་རྣམས་ཁོང་ཁྲོ་ཆེན་པོ་སློང་བའི་རྒྱུ་རྐྱེན་གྱི་ཆ་ཤས་ཤིག་རེད་ཅེས་འཁོད་ཡོད་པ་རེད།
སྙན་ཐོ་དེས། གཙོ་བོ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྟ་ཕྱོགས་ནས་བོད་ཀྱི་གནད་དོན་ཕྱིར་བཏོན་བྱས་ཡོད་པ་ལས། ཆོས་ལུགས་དང་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་ཐེ་བྱུས་ཉུང་ཉུང་མ་གཏོགས་བྱས་མེད་ཀྱང༌། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ངོ་ཚ་ཁ་སྐྱེངས་བྱུང་ནས་དེ་མ་ཐག་ཁོང་ཁྲོ་ལངས་ཏེ་གོང་གསལ་༼ཀུང་མང་༽ཞེས་པའི་དེབ་སྐྱེལ་བྱས་པའི་ཁྲིམས་རྩོད་ལས་ཁང་དེ་སྒོ་ཐེལ་བརྒྱབ་པ་དང་ཆབས་ཅིག་དེའི་འགོ་ཁྲིད་མི་སྣ་འཇུ་བཟུང་བྱས་པ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་སྙན་ཐོ་དེ་གལ་ཆེན་པོ་དང་དྲང་པོ་ཇི་ཙམ་ཆགས་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པར་བརྟེན། “བོད་ཀྱི་ལས་དོན་ཐོག་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་”དང༌། “ལོ་བཅུའི་ལས་འཆར་”ཞེས་པ་གཞི་ནས་ཕྱིར་ཐོན་པ་རེད། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བྱེད་པའི་བསམ་བློ་གཏོང་སྟངས་ནི། ངས་བཤད་ན། འགྲིག་པ་དང༌། དམངས་ཁྲོད་ནས་བཤད་ན། ངས་མགོ་གནོན་བྱ་རྒྱུ་ཡིན་ཟེར་བ་ལྟར། མདོ་དོན་སྐད་ཆ་ཤོད་པའི་དབང་ཆ་ཚང་མ་“ངའི་ཚོགས་པ་ཏང་ལ་”ཡོད་ཅེས་པ་འདི་རེད།
བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར། དེའི་གོང་དུ། རྒྱ་དམར་གཞུང་གིས་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཟེར་བ་ཐེངས་བཞི་ཚོགས་ཏེ། “ལོ་ལྔའི་འཆར་གཞི་”ཐེངས་བཅུ་གཅིག་གཏན་འབེབས་བྱས་ཟིན་ཡོད། དངོས་ཡོད་གནས་སྟངས་ནི། བོད་ཀྱི་ས་ཁུལ་དེ་དུས་ད་ཆ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ནང་དབུལ་ཕོངས་ཀྱི་ས་ཁུལ་སྡུག་ཤོས་དེ་ཡིན་ཅིང༌། ལོ་རེའི་ཐོན་བབས་ཀྱི་རིན་ཐང་དེ། ཐ་ན་རྒྱ་ནག་གོང་ཏུང་ཞེང་ཆེན་ནམ་ཅང་སུའུ་ཞིང་ཆེན་གྱི་རྫོང་གཅིག་ཧྲུན་ད་རྫོང་ངམ་ཅང་དབྱིན་རྫོང་ལས་སྐྱོ་བ་ཡོད་པ་རེད།
“དུས་རབས་ལས་བརྒལ་བའི་གོང་འཕེལ་”གཏོང་རྒྱུ་ཞེས་པའི་འབོད་ཚིག་དེ་རང་ཐོག་ནས། རྒྱ་དམར་གཞུང་གིས་བོད་ལ་གོང་འཕེལ་གཏོང་རྒྱུ་ནར་འགྱངས་བཏང་ཡོད་པ་དངོས་རྭ་འཕྲོད་པ་མ་ཟད། “དུས་བདེ་ཞི་འཇགས་”ཞེས་པའི་བཤད་ཚུལ་དེའི་ཐོག་ནས། རྒྱ་དམར་གཞུང་གིས་བོད་མིས་འདོད་བློ་མི་ཁེངས་པའི་འཁོན་འཛིན་དེ་ཡུན་རིང་ནས་བསགས་ཡོད་པ་ངོས་ལེན་མ་བྱེད་ཀ་མེད་དུ་གྱུར་ཡོད། འོན་ཀྱང༌། རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཟེར་བ་དེས། “ང་ཚོའི་རྒྱལ་ཁབ་དང༌། ང་ཚོའི་ཏང་ཚོགས་པ་ནང་ལྟར་ལོ་བཅུ་གྲངས་བསྟུད་མར་རྒྱལ་ཡོངས་ཀྱི་ནུས་པ་སྤྱད་དེ་མི་རིགས་ས་ཁུལ་གཅིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་མ་རེད་”ཟེར་མིག་མཐོང་མཐོང་བར་རྫུན་གཏམ་བཤད་ཕོད་ཡོད་པ་རེད།
དོན་དངོས་དང་བསྟུན་དགོས་ཀྱི་ཡོད་ན། གོང་གསལ་རྒྱ་དམར་གཞུང་གི་བློན་ཆེན་ཟེར་བའི་སྐད་ཆ་འདི་དེ་ལྟར་བཟོ་བཅོས་བྱ་དགོས། དེ་ཡང༌། ང་ཚོའི་རྒྱལ་ཁབ་དང༌། ང་ཚོའི་ཏང་ཚོགས་པ་དང་དམག་ཡོངས་ཀྱི་ནུས་ཤུགས་གང་ཡོད་ཀྱིས་ལོ་བཅུ་གྲངས་བསྟུད་མར་མི་རིགས་གཅིག་གི་ཆོས་ལུགས་དང༌། སྐུ་གསུང་ཐུགས་རྟེན། རིག་གནས། གནའ་བོའི་དངོས་རྫས། སྣོད་བཅུད། བསམ་པའི་དཔལ་ཡོན། ཁོར་ཡུག་དང་བཅས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གཏོར་བཤིག་བཏང་མཁན་འཛམ་གླིང་ནང་ང་ཚོ་ནང་བཞིན་ཡོད་མ་རེད་ཅེས་བཤད་ན་འོས་ཤོས་སུ་མཐོང༌། རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ད་ལྟ་ཡང་བོད་ཀྱི་གནད་དོན་གྱི་རྐྱེན་རྩ་དེ་དཔལ་འབྱོར་ཡིན་པ་ལས། ཆོས་ལུགས་དང་རིག་གནས། མི་རིགས་ཀྱི་གནད་དོན་དང་འབྲེལ་བ་མེད་པར་ངོས་འཛིན་མཐའ་སྐྱེལ་བྱེད་ཀྱི་ཡོད། ངོས་འཛིན་བྱེད་ཚུལ་འདི་ལྟ་བུ་གལ་ཏེ་གཡས་ཁག་གཡོན་དཀྲིའི་རྒྱུ་མཚན་ཞིག་མིན་ན། དེ་ནི་སྲོག་རྩྭར་ཐུག་པའི་མུན་ཐོམ་གྱི་ལྟ་ཚུལ་ལོག་པ་ཞིག་རེད།
འབྲེལ་མོལ་བྱེད་རིང༌། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་“བོད་བཙན་བྱོལ་གཞུང་འདི་བོད་དང་བོད་མི་མང་གི་ཚབ་རྩ་བ་ནས་མཚོན་གྱི་མེད་”ཅེས་བཤད་ཡོད་ཀྱང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་ཀྱང་ཁོང་རྣམས་བོད་ནང་ཕེབས་མ་འཇུག་པ་དང༌། བོད་མི་མང་ལ་ཁོང་རྣམས་མཇལ་མ་འཇུག་པར་རྒྱ་ནག་གི་ཧུ་ནན་ཞེང་ཆེན་དུ་ཁ་བསྒྱུར་ཚོད་འཛིན་བྱས་ཡོད་པ་རེད། ཁོང་རྣམས་བོད་ནང་འཚམས་འདྲིར་ཕེབས་འཇུག་ནས་བོད་མི་མང་གི་ཚོར་སྣང་ཇི་ལྟར་ཡོད་མིན་བལྟས་ཏེ། སུ་ཞིག་བོད་མི་མང་གི་ཚབ་བྱེད་ཐུབ་མིན་བོད་མི་མང་ལ་སྐད་ཆ་བཤད་འཇུག་དགོས། འབྲེལ་མོལ་དེའི་སྐོར་གནས་ཚུལ་སྤེལ་མཁན་རྒྱ་དམར་གཞུང་འབྲེལ་རྒྱུད་ལམ་ཁག་གིས། རྒྱ་དམར་གཞུང་ཕྱོགས་ནས་གང་བཤད་པ་ཕྱིར་བསྒྲགས་བྱས་པ་ལས། བོད་ཀྱི་སྐུ་ཚབ་རྣམ་པས་ག་རེ་གསུང་པ་ཚིག་གཅིག་བཀོད་མེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ནས་ག་རེ་གསུང་པའི་ནང་དོན་སྙིང་བསྡུས་ཤིག་གསལ་བསྒྲགས་བྱས་ན། སུས་འབྲེལ་མོལ་བྱ་རྒྱུར་ལྷག་བསམ་རྣམ་དག་བྱེད་པ་དང༌། སུའི་ཕྱོགས་ནས་རྙོག་དྲ་བཤད་དེ་འབྲེལ་མོལ་གཏོར་བཤིག་གཏོང་གི་ཡོད་པ་རྒྱ་ནག་མི་མང་ནས་ཞིབ་དཔྱད་བྱ་རྒྱུ་ཡིན་ན། དེ་ལྟར་བྱེད་མ་འཇུག་པ་གང་ཡིན་ནམ།
རྒྱ་དམར་གཞུང་གིས་“བོད་ཆེན་པོའི་སྐོར་”གྱི་གླེང་གཞི་ཆེད་བཟོས་བྱས་ཏེ། འདི་ནི་བོད་རྒྱ་འབྲེལ་མོལ་གྱི་འགལ་རྐྱེན་ཡིན་པར་བཞག་ཡོད། འོན་ཀྱང༌། བརྗོད་གཞི་འདིས་ཡང་སྙིང་ག་རེ་མཚོན་ཐུབ་ཀྱི་རེད་དམ། གལ་ཏེ་སྔོན་འགྲོའི་ཆ་རྐྱེན་འདི་བོད་འདི་ཁ་བྲལ་གཏང་རྒྱུ་ཡིན་ན། “བོད་ཆེན་པོ་”དང་“བོད་ཆུང་ཆུང་”ཞེས་པའི་སྐོར་སྐད་ཆ་བཤད་ན་བཤད་རིན་ཡོད་པ་ཞིག་རེད། རྒྱུ་མཚན་ནི། བོད་འདི་རྒྱ་ནག་ནས་ཁ་བྲལ་ག་ཚོད་ཙམ་ཞིག་འགྲོ་རྒྱུའི་སྐོར། བོད་རྒྱ་ཕྱོགས་གཉིས་ཀྱིས་སུ་འཐོབ་གང་འཐོབ་ཀྱི་ཕན་ཚུན་གོང་སྒྲིག་ཆོག་པ་རེད། གལ་སྲིད་སྔོན་འགྲོའི་ཆ་རྐྱེན་འདི། བོད་འདི་རྒྱ་ཁོངས་སུ་ངོས་འཛིན་བྱས་ན། “བོད་ཆེན་པོ་”དང་“བོད་ཆུང་ཆུང་”ཞེས་པར་ཧ་ལས་ཧང་སངས་རྒྱུ་གང་ཡང་མེད། ལོ་རྒྱུས་ཐོག་ཟི་ཁྲོན་ཞིང་ཆེན་དེ་དུམ་བུ་གསུམ་དང་དུམ་བུ་གཉིས་སུ་བགོས་མྱོང་ཡོད་ལ། ཡང་དུམ་བུ་གསུམ་དང་གཉིས་ནས་གཅིག་ལ་ཚུར་ཟླ་བསྒྲིལ་ཡང་གཏོང་མྱོང་ཡོད་པས། སུས་དེ་ལ་དོ་སྣང་དང་ཧང་སངས་སངས་བྱེད་མཁན་བྱུང་ཡོད། གལ་ཏེ་ལོ་རྒྱུས་ཐོག་མི་རིགས་དང་ཆོས་ལུགས་གཅིག་གྱུར་ཡིན་པའི་བོད་དེ་ངོས་ལེན་མ་བྱས་ན། བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཆེ་ཤོས་ཡིན་པའིྋགོང་ས་ཏཱ་ལའི་བླ་མ་སྐུ་ཉིད་ཀྱང་བོད་མི་ཞིག་མ་ཡིན་པར། “མཚོ་སྔོན་”གྱི་མི་གཅིག་རེད། དེ་ལྟར་རྩིས་འདེད་བྱེད་པའི་གཏན་ཚིག་རིག་པ་ཞིག་གང་དུ་ཡོད་དམ། “བོད་ཆེན་པོ་”ཁོ་ནར་ཁ་བཏགས་ཏེ་སྐད་ཆ་མ་བཤད་པ་དེའི་ཐོག་ནས། རྒྱ་ནག་དམར་གཞུང་གི་འགོ་ཁྲིད་པ་ཁོང་ཚོར་“བོད་རང་བཙན་”རྩོད་པའི་འདུ་ཤེས་ཡོད་པ་དངོས་རྭ་གསལ་རྗེན་དུ་ཐོན་པ་རེད།
གོད་བྲོ་བ་ཞིག་ལ། རྒྱ་དམར་གཞུང་གིས་“བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཟེར་བ་ཐེངས་ལྔ་པ་ཚོགས་ཏེ། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་“ལས་འཆར་”དེའི་ནང་བོད་རིགས་ས་ཁུལ་ཡོངས་རྫོགས་ཐེངས་དང་པོར་བཅུག་ཡོད་པ་དེས། དོན་དངོས་སུ་“བོད་ཆེན་པོ་”མངོན་ཆུང་ངང་ཁས་ལེན་བྱས་པ་རྭ་སྤྲོད་བྱས་པ་རེད། གལ་སྲིད་རྒྱ་བོད་ཕྱོགས་གཉིས་པོའི་ལངས་ཕྱོགས་ཕྱི་གསལ་ནང་གསལ་བཟོས་པ་ཡིན་ན། རྒྱ་ནག་མི་མང་ཚོས་ཧང་སངས་པའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱབ་བརྒལ་བྱེད་མཁན་འདི། ྋགོང་ས་ཏཱ་ལའི་བླ་མ་མཆོག་མ་ཡིན་པར། རྒྱ་ནག་གཞུང་གི་འགོ་ཁྲིད་ཁོང་ཚོ་ཡིན་པ་གསལ་རྟོགས་ཐུབ་རྒྱུ་རེད། གང་ཡིན་ཞེ་ན། བོད་ཕྱོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་དགོས་པའི་འདོད་ཚུལ་གླེང་བར། རྒྱ་དམར་གཞུང་གིས་རྩྭ་བ་ནས་ཁས་ལེན་བྱས་མེད། “བོད་རང་བཙན་”དང་“རྣམ་པར་གྱུར་བའི་རང་བཙན་“གྱི་འདོད་ཚུལ་གླེང་མཁན་འདི་ཏཱ་ལའི་བླ་མ་མཆོག་མ་ཡིན་པར་རྒྱ་ནག་གཞུང་གི་འགོ་འཁྲིད་ཁོ་རང་ཚོ་རེད། རྒྱུ་མཚན་ནི། ཏཱ་ལའི་བླ་མ་མཆོག་ནས་ཡང་ནས་ཡང་དུ་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་ངོས་ལེན་གནང་སྟེ། བོད་རང་བཙན་རྩོད་ཀྱི་མེད་པའི་གསལ་བཤད་གནང་ཡོད་ཀྱང༌། རྒྱ་དམར་གཞུང་གིས་ཨ་ན་ཨུ་ཚུགས་ཀྱིས་“བོད་རང་བཙན་རྩོད་པའི་”ཞྭ་མོ་འདི་ྋགོང་ས་ཏཱ་ལའི་བླ་མའི་དབུ་ལ་གཡོགས་ཡོད། ཤོད་མི་དགོས་པར། ད་ལྟའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོ། “མི་རིགས་ཁ་བྲལ་གཏོང་མཁན་གྱི་ཉེས་པ་གསོག་མཁན་”ངོ་མ་འདི་ཡིན་པ་ཧ་ཅང་གསལ་པོ་རེད།
རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཏུ་ཆིང་ལིན་ཟེར་བས། བོད་ཀྱི་སྐུ་ཚབ་རྣམས་ལ་ཁོ་པས། “དྲག་སྤྱོད་དང་འཚེ་བ་མེད་པའི་ལས་འགུལ་གང་འདྲ་ཞིག་སྤེལ་རུང༌། སྤེལ་མེད་རུང༌། དེ་དག་ཚང་མར་འགྲོ་ལམ་རྩ་བ་ནས་མེད་”ཅེས་བཤད་འདུག སྐད་ཆ་དེ་གོ་བདེ་ཙམ་ཞིག་བཤད་པའི་དབང་དུ་བཏང་ན། བོད་ཀྱི་གནད་དོན་ཐོག ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་འཚེ་མེད་ཞི་བའི་རྩ་དོན་བཟུང་སྟེ། ཞི་བདེ་དང་རྒྱུ་མཚན་ཇི་ཙམ་གསུངས་ཀྱང༌། རྒྱ་དམར་གཞུང་གིས་རྩ་བ་ནས་ངོས་ལེན་དང་རྩིས་འགྲོ་བཏང་གི་མེད། འདི་ནི་རྒྱ་དམར་གཞུང་གིས་དུས་ཚོད་ནར་འགྱངས་གཏོང་གང་ཐུབ་ཀྱི་འབྲེལ་མོལ་རྫུན་མ་དང༌། བོད་ཀྱི་དཀའ་རྙོག་སེལ་འདོད་མེད་པའི་གཡོ་རྒྱུའི་ཐབ་ཇུས་ཤིག་ཡིན་པ་མ་དྲིས་ལྷབ་བཤད་བྱས་པ་རང་རེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་དཔོན་རིགས་ཚོས་སྒེར་གྱི་ཁེ་ཕན་ལ་བསམ་ཞིབ་མ་བྱས་པར། བོད་ཀྱི་དཀའ་ངལ་སེལ་བའི་ཉིན་མོ་འདི་ནས་བཟུང༌། ལས་གནས་ནས་དགོངས་ཞུ་དང་རྒས་ཡོལ་ཞུས་ཏེ། སྲིད་དོན་ལ་ཐེ་ཇུས་བྱ་རྒྱུ་མིན་ཞེས་ཡང་སྐོར་བསྐྱར་སྐོར་གྱིས་ག་ཚོད་གསུངས་ཀྱང༌། རྒྱ་དམར་གཞུང་གི་དཔོན་རིགས་ཚོས་སྐད་ཆ་དེ་དག་རྣ་བའི་རྒྱབ་ཏུ་བཀུར་ནས། “བོད་ཀྱི་གནད་དོན་ཞེས་པ་མེད་ཅིང༌། སྐད་ཆ་བཤད་དགོས་ན། ཏཱ་ལའི་བླ་མའི་སྐུ་སྒེར་དང་ཁོང་གི་མཐའ་སྐོར་དུ་ཡོད་པའི་མི་དེ་ཚོའི་མདུན་ལམ་སྐོར་སྐད་ཆ་བཤད་རྒྱུ་”ཞེས་ཡང་ཡང་ཁ་རྒྱུན་དུ་གྱུར་བའི་གཏམ་རྙིང་བསྐྱར་ཟློས་ཁོ་ན་བྱེད་བཞིན་ཡོད་པ་རེད།
ཕྱོགས་གཅིག་ནས་མི་རིགས་དང་ཆོས་ལུགས་དང་རིག་གནས་ཀྱིབྱ་གཞག་ཆེན་པོར་དོ་སྣང་བྱེད་ཀྱི་ཡོད་ཀྱང༌། ཕྱོགས་གཞན་པ་དེས་རང་གི་སྒེར་དོན་རྐྱང་རྐྱང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟ་བུའི་ཀླུད་ནུབ་ལ་གཡུགས། འདྲེ་ཤར་ལ་བཞག་པའི་དཔེ་ལྟར་འབྲེལ་མོལ་ལ་གྲུབ་འབྲས་འོང་རེ་མེད་པ་མ་ཟད། མི་རྣམས་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱ་དམར་གཞུང་གི་འགོ་ཁྲིད་གཉིས་ཀྱི་བསམ་བློ་གཏོང་སྟངས་དང༌། བཟང་སྤྱོད་ཀྱི་ཚད་གཞི་གནམ་ས་ལྟ་བུའི་ཁྱད་བར་ཡོད་པ་གསལ་པོ་མཐོང་ཐུབ་པ་རེད། རྒྱ་དམར་གཞུང་གི་འགོ་ཁྲིད་ཚོས་ཕོ་ཐའི་བསམ་ཚུལ་འཁྱེར་ནས་ཕོ་རབ་ཀྱི་ཁོག་པ་དཔག་པར་མི་རྣམས་ངུ་མིན་བགད་མིན་དུ་མ་གྱུར་དཀའ་མེད་རེད། བླ་མའི་ཡང་སྲིད་སྐོར་གླེང་སྐབས། རྒྱ་དམར་གཞུང་གིས་“བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་”ཞེས་པའི་པདྨ་འཕྲིན་ལས་ཀྱི་ཁ་གཡར་ནས། “ཏཱ་ལའི་བླ་མ་ད་ལྟ་བསྡད་ཡོད་པས། ཁོང་འདས་གྲོངས་རྗེས་ཡང་བསྐྱར་བཤད་ཆོག་གི་རེད་”ཟེར་བའི་གུས་ཞབས་མེད་པའི་མ་རབ་ཐ་ཞལ་གྱི་སྐད་ཆ་དེ་ལྟར་བཤད་ཕོད་ཀྱི་འདུག དེའི་ཐོག་ནས་རྒྱ་དམར་གཞུང་གི་དཔོན་རིགས་ཚོས་ཧ་ཅང་གལ་ཆེ་བའི་བཟང་སྤྱོད་དང་ལོ་རྒྱུས་ཀྱི་ཉེས་མིང་འཁུར་རྒྱུར་འཛེམས་གཟོན་མེད་པར། རང་མཚམས་ཀྱི་ཐོག་ནས་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་“ཡང་སྲིད་འོས་སྤྲུལ་”གཏན་འཁེལ་བྱས་ཏེ། ཁྱོན་ཡོངས་ནས་བོད་ཀྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་བཙོག་པ་བཟོས་ཏེ་ཁ་ལོ་བསྒྱུར་ནས། བོད་འདི་ཆ་ཚང་རྒྱ་ཡུལ་དང་དམར་པོར་བསྒྱུར་ཐབས་བྱེད་པའི་ལྐོག་གཡོའི་ངན་ཇུས་ཡིན་པ་དམར་རྗེན་དུ་ཐོན་པ་རེད།
བོད་རྒྱུད་ནང་པའི་སྲོལ་རྒྱུན་ལྟར་ན། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ཁོང་གཉིས་ཕན་ཚུན་སུ་འཚོ་ཞུགས་ཡོད་པ་དེས་ངོས་འཛིན་གནང་དགོས་ཀྱི་ཡོད། མིག་སྔར་རྒྱ་དམར་གཞུང་གིས་གཏན་འཁེལ་བསྐོ་གཞག་བྱས་པའི་“པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་”འདི་ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ངོས་འཛིན་གནང་མེད། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གིས་དམ་བསྒྲགས་བྱས་ཏེ་ཁོང་ད་ལྟ་འཛམ་གླིང་ནང་གི་སྲིད་དོན་བཙོན་པ་སྐུ་ན་ཆུང་ཤོས་འདི་ཆགས་ཡོད།
འབྱུང་བའི་ལོ་རྒྱུས་ཐོག་རྒྱ་མི་རིགས་ཀྱིས་“ནང་རུལ་པ་”ཞེས་པའི་ཚད་གཞི་བཞག་སྟངས་ལ་གཞིར་བཟུང་ན། པདྨ་འཕྲིན་ལས་ “བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་”ཟེར་བ་ཁོ། བོད་མི་རིགས་ལ་རྒྱབ་གཏོད་བྱས་ཏེ། ལུས་བཙོང་ཁེ་གཉེར་བྱེད་མཁན་གྱི་བོད་མིའི་“ནང་རུལ་པ་”བརྒྱ་ཆ་བརྒྱ་ཐམ་པ་རེད་ཅེས་བཤད་ན་མ་འགྲིགས་པ་མེད་དོ། །།