བོད་མི་སུད་སིར་འབྱོར་ནས་ལོ་༥༠ འཁོར་བའི་གནས་ཚུལ་རགས་བསྡུས།
༡༩༥༩ བོད་ཀྱི་སྣོད་བཅུད་གཉིས་ཀར་མ་བདག་བདག་བཟུང་བྱས་པར་བརྟེན་རང་རེའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་གནད་ཡོད་གཞུང་ཞབས་ཧྲག་བསྡུས་དང། བོད་མི་༨༠༠༠༠ ཙམ་མི་འདོད་བཞིན་དུ་རང་ཡུལ་དང་ཁ་གྱེས་ཏེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་སོགས་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ནི། བོད་མིའི་རྒྱལ་རབས་ལོ་རྒྱུས་ནང་བརྗེད་ཐབས་མེད་པའི་དུས་འགྱུར་ཞིག་རང་བཞིན་གྱིས་ཆགས་ཡོད། སྐབས་དེར་བལ་ཡུལ་དུ་འཛམ་གླིང་རོགས་ཚོགས་ཀྱི་འཐུས་མི། ས་གཞིའི་དཔྱད་ཞིབ་པ་སུད་སིའི་མི་རིགས་སྐུ་ཞབས་གྲོག་ཌར་ཏོནེ་ཧ་གེན་གྱིས་བོད་མིའི་གནས་སྟངས་ཉག་ཕྲ་དངོས་ཡོད་རིགས་གཟིགས་ཏེ་བོད་མི་ཁག་ཅིག་སུད་སིར་ལེན་ཕྱོགས་སྐོར་ལ་བསམ་ཚུལ་༧གོང་ས་མཆོག་ལ་སྙན་སེང་ཞུས་པ་ཐུགས་མཐུན་བཀའ་འཁྲོལ་བྱུང། རྗེས་སུ་ཁོང་གིས་སུད་སིའི་ནང་བོད་དོན་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་རང་གི་བློ་མཐུན་རྣམ་པས་༡༩༦༠ ལོར་སུད་སིའི་བོད་མིའི་གཞིས་ཆགས་ཚོགས་པ་(Verein Tibeter Heimstatten)ཞེས་གསར་འཛུགས་ཀྱིས་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ལམ་འགྲོ་བྱུང་ཡོད་འདུག དེ་ནས་༡༩༦༣ ལོར་སུད་སི་དབུས་གཞུང་གིས་ཀྱང་བོད་མིའི་དཀའ་ངལ་སེལ་ཆེད་བོད་མི་ཉམ་ཐག་༡༠༠༠ ལེན་འཐུས་བཀའ་འཁྲོལ་བསྩལ་བ་དང། ལས་དོན་འགན་ཁུར་ཡང་སུད་སི་རྒྱ་གྲམ་དམར་པོའི་རོགས་ཚོགས་ནས་གནང་འདུག དེས་ཀྱང་སུད་སི་བོད་མིའི་གཞིས་ཆགས་ཚོགས་པ་དང་མཉམ་འབྲེལ་གྱིས་༡༩༦༡ ནས་༡༩༨༡ བར་བོད་མི་སྐྱབས་བཅོལ་བ་༡༠༠༠ ཐམ་པ་བླངས་ཟིན་ཞིང། བོད་མི་ཕོན་ཆེ་ཤོས་ནི་འཇར་མན་གྱི་སྐད་བེད་སྤྱོད་བྱ་ཡུལ་གྱི་མངའ་སྡེའི་ཁོངས་དང། ཉུང་ཤས་ཧྥ་རན་སིའི་སྐད་བེད་སྤྱོད་བྱ་ཡུལ་གྱི་མངའ་སྡེའི་ཁོངས་སུ་འཚོ་རྟེན་གྱི་ལས་དོན་ནང་ཞུགས་ཡོད།
སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གིས་ཌོག་གེན་བུ་ཁྱིམ་གྲོང་སྡེའི་རོགས་ཚོགས་ལ་རེ་འདུན་ཞུས་པ་ལྟར། ༡༩༦༠ ལོའི་ཕྱི་ཟླ་༨ ཚེས་༡༧ ཉིན་སུད་སི་ཌོག་གེན་བུ་ཁྱིམ་གྲོང་སྡེའི་རོགས་ཚོགས་ནས་ཐོག་མར་བོད་ཕྲུག་ཕོ་མོ་༢༠ དང། དེ་དག་ལ་གཟིགས་སྐྱོང་ཐུགས་འགན་བཞེས་མཁན་ཕ་ཚབ་དང་མ་ཚབ་ཏུ་བཀྲས་མཐོང་རཀ་ར་རིན་པོ་ཆེ་གཏན་ཞལ་བསྐོ་གཞག་གནང། ༡༩༦༠ ནས་༡༩༦༣ བར་གྲོག་ཌར་ཨ་ཤེ་མན་གྱིས་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་རེ་འདུན་ལྟར་དྷ་ས་བུ་གསོ་ཁང་ནས་བོད་ཕྲུག་ཕོ་མོ་༡༥༨ སུད་སིའི་ཁྱིམ་ཚང་ཁག་ལ་བུ་ཚབ་ཏུ་ལེན་འགོ་བཙུགས་འདུག ༡༩༦༤ ལོར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་བོད་གཞུང་དོན་གཅོད་ལས་ཁུངས་ཐོག་མར་བཙུགས་པ་དང། དེའི་སྐབས་རང་གཞུང་དོན་གཅོད་མགྲོན་གཉེར་ཆེན་མོ་ཕ་ལྷ་བ་ཐུབ་བསྟན་འོད་ལྡན་མཆོག་གིས་གནང་འདུག
༡༩༦༨ ལོར་རི་ཁོན་ཆོས་འཁོར་དགོན་གསར་བསྐྲུན་གྱི་རྟེན་འབྲེལ་མཛད་སྒོར་སྐུའི་ཡོངས་འཛིན་རྣམ་གཉིས་ཞབས་སོར་འཁོད་དེ་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་ཁྱད་ཆོས་སྐོར་དྲིལ་བསྒྲགས་གཏིང་ཟབ་བྱུང་བས། རྒྱ་ནག་གཞུང་གིས་སྡུག་སྐད་ཤོར་དགོས་པ་རང་བཞིན་དུ་གྱུར། སྐབས་དེར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་རང་གཞུང་དོན་གཅོད་མཆོག་གིས་སུད་སིའི་བོད་ཕྲུག་བུ་ཚབ་ལེན་མཁན་གྱི་ཕ་ཚབ་མ་ཚབ་དང་བོད་ཕྲུག་རྣམས་དམིགས་བཀར་མགྲོན་འབོད་གནང་བ་དང། ཡོངས་འཛིན་རྣམ་གཉིས་ཀྱིས་ཕ་ཚབ་མ་ཚབ་རྣམ་པར་ཉམ་ཐག་བོད་ཕྲུག་ཚོར་བརྩེ་གཟིགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། བོད་ཕྲུག་ཚོར་བོད་མིའི་འདུ་ཤེས་མ་བརླགས་པ་བྱ་གལ་གྱི་བཀའ་སློབ་ནན་པོ་བསྩལ། མདོར་ན་བོད་ཕྲུག་ཚོ་ཕན་ཚུན་ངོ་ཐུག་མཉམ་འཛོམས་ཀྱི་མཐུན་རྐྱེན་དུ་སུད་སྒོར་༡༠༠༠ མ་རྩའི་དམིགས་སྒོར་གནང། རི་ཁོན་ཆོས་འཁོར་དགོན་གྱི་མཁན་པོ་དང་པོར་རྒྱུད་སྨད་མཁན་ཟུར་དགེ་བཤེས་ཨོ་རྒྱན་ཚེ་བརྟན་རིན་པོ་ཆེ་བསྐོ་གཞག་དང། ཁོང་གི་ལྷན་དུ་བླ་སྤྲུལ་དགེ་འདུན་པ་གྲངས་༤ ཙམ་ཕེབས་ཡོད་པ་རེད། རབ་བརྟན་ཆོས་གླིང་ནི་༡༩༧༧ ལོར་རི་ཁོན་ཆོས་འཁོར་དགོན་གྱི་མཁན་ཟུར་དགེ་བཤེས་རབ་བརྟན་རིན་པོ་ཆེས་ཕྱག་བཏབ་མཛད་ནས་ཕྱི་ནང་གི་ནང་ཆོས་དོན་གཉེར་ཅན་རྣམས་ལ་རེ་འདོད་སྐོང་མུས་དང། དེང་སང་དེ་ཁུལ་དུ་བོད་ཀྱི་བླ་སྤྲུལ་དགེ་འདུན་༢༠ ཙམ་གྱིས་གཏན་དུ་ནང་ཆོས་འཆད་ཉན་གནང་གི་ཡོད་འདུག
༡༩༧༢ ནས་རང་རེའི་ཁྲོད་ནས་རྒྱལ་གཅེས་དཔྱ་ཁྲལ་བསྡུ་རྒྱུའི་ལས་དོན་དངོས་སུ་ལག་བསྟར་བྱས་པ་དང། ༡༩༧༣ ནས་༡༩༧༥ བར་ས་གནས་འཐུས་མིའི་འགོ་བྱེད་དོན་ཁང་ནས་ཐད་བསྐོས་དང། ༡༩༧༦ ནས་བཟུང་ཏེ་ཚོགས་གཙོ་འཐུས་མིའི་ཁྲོད་ནས་མང་མོས་འོས་འདེམས་བྱ་འགོ་བཙུགས། ༡༩༧༣ ཕྱི་ཟླ་༡༠ ཚེས་༡ ལ་༧གོང་ས་མཆོག་སུད་སིར་ཐོག་མར་ཞབས་སོར་བཀྲིན་བསྐྱངས་ནས་བོད་མི་རྣམས་ལ་བླང་དོར་བཀའ་སློབ་བསྩལ། སྐབས་དེར་གསར་འགོད་པ་དང་མཇལ་འཕྲད་གནས་སྟེ་བོད་མིའི་རྩ་དོན་གྱི་སྐོར་ལ་དྲིལ་བསྒྲགས་ཤིན་ཏུ་རླབས་ཆེ་བྱུང་ཡོད།
༡༩༨༤ ལོར་སུད་སིའི་བོད་རིགས་མི་མང་གི་སྒྲིག་གཞི་ཞིག་བཟོས་ཏེ་མང་ཚོགས་ལ་བསམ་ཚུལ་བསྡུ་ལེན་བྱས་ཡོད་རུང། ས་གནས་འགའ་ནས་མོས་མཐུན་མ་བྱུང་སྟབས་དུས་ཡུན་གང་འཚམས་རིང་ཕྱིར་འཐེན་ཞུས། ༡༩༩༢ ཕྱི་ཟླ་༨ ཚེས་༡༦ ཉིན་ས་གནས་འཐུས་མིའི་ཚོགས་འདུའི་ཐོག་སུད་སི་བོད་རིགས་མི་མང་གི་སྒྲིག་གཞི་གཏན་འབེབས་དང། ལོ་དེའི་མང་གཙོའི་དུས་ཆེན་ཉིན་མི་མང་ལ་འགྲེམས་སྤེལ་དང་དེ་ནས་བཟུང་ས་གནས་འཐུས་མིའི་ལས་ཡུན་ལོ་༣ ལ་ཐག་གཅོད་དངོས་སུ་ལག་ལེན་འགེལ་མུས། ༡༩༩༡ ཡུ་རོབ་ཀྱི་སྤྱི་འཐུས་འདེམས་སྲོལ་ཐོག་མ་བྱུང་བ་དང། སྐབས་༡༡ པའི་ཡུ་རོབ་སྤྱི་འཐུས་སུད་སི་ནས་དོན་ཟུར་གསང་གླིང་ཚེ་རྡོར་ལགས་དང་དབྱིན་ལེན་ནས་དོན་ཟུར་ཕུན་དབང་ལགས་རྣམ་གཉིས་འོས་འདེམས་བྱུང། བོད་རིགས་ཟློས་གར་ཚོགས་པ་ཚོགས་མི་༢༥ ཙམ་ཡོད་པ་དང་༡༩༦༦ ལ་འགོ་བཙུགས་ཏེ་བོད་མིའི་ཐུན་མོང་མ་ཡིན་པའི་གཞས། ཞབས་བྲོ། རོལ་ཆ། འཁྲབ་སྟོན་སོགས་ཕྱི་ནང་གཉིས་ལ་གནང་མུས། ༡༩༩༣ ཕྱི་ཟླ་༨ ཚེས་༡༦ ཉིན་བོད་མི་རྒན་གཞོན་ཕོ་མོ་གྲངས་༡༨ ལེཀ་ཌེན་སྤྲཡན་དུ་འབྱོར་ཏེ་སྐྱབས་བཅོལ་ཞུས་རྗེས་ས་གནས་གཞུང་གིས་ཁས་ལེན་གནང་བ་དང། དེང་སང་བོད་མི་༥༠ ཙམ་ཡོད་འདུག ༡༩༩༥ ཕྱི་ཟླ་༥ ཚེས་༢༨ ཉིན་ས་གནས་འཐུས་མིའི་ཚོགས་འདུའི་ཐོག་སུད་སི་བོད་རིགས་མི་མང་གི་སྒྲིག་གཞི་དང། ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི་དེ་དག་སྤྱི་མོས་ཀྱིས་ཐག་གཅོད་གཏན་འབེབས་གནང།
༡༩༩༥ ནས་༡༩༩༨ ནས་བཟུང་ས་གནས་འཐུས་མི་རྣམ་པས་ས་གནས་འཐུས་མི་དང་ས་གནས་གྲོས་ཚོགས་ཀྱི་ལས་འགན་གཅིག་ལྕོགས་དང། དེ་བཞིན་རང་གཞུང་སྐུ་ཚབ་དོན་གཅོད་ནས་ཀྱང་ས་གནས་འགོ་འཛིན་དང། ས་གནས་ཁྲིམས་ཞིབ་པ་བཅས་ཀྱི་ཐུགས་འགན་བཞེས་མུས་སུ་ཡོད། ༢༠༠༠ ཕྱི་ཟླ་༩ ཚེས་༢ ནས་བཟུང་ས་གནས་འོས་བསྡུའི་ཚོགས་ཆུང་གི་ལས་དོན་གནང་མཁན་མང་ཚོགས་ནས་འོས་འདེམས་བྱ་འགོ་བཙུགས་པ་དང། ཚོགས་ཆུང་གི་དབུ་འཛིན་ནི་རང་གཞུང་སྐུ་ཚབ་དོན་གཅོད་ཀྱིས་གནང་མུས།
ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ལ་ཚོགས་མི་༣༥༠ ཙམ་ཡོད་པ་དང། ཚོགས་པ་འདི་ཕྱི་ལོ་༡༩༧༠ ལོའི་ཕྱི་ཟླ་༣ ཚེས་༢༧ ཉིན་འགོ་བཙུགས་ནས་ཚོགས་པའི་སྒྲིག་གཞི་ལྟར་བོད་དོན་ཐོག་ལས་འགུལ་ཡང་མིང་དོན་མཚུངས་པ་དུས་བསྟུན་ལག་བསྟར་བྱེད་བཞིན་ཡོད། སུད་བོད་མཐུན་གྲོགས་ཚོགས་པར་ཚོགས་མི་༢༣༠༠ ཙམ་ཡོད་པ་དང། ༡༩༨༣ ལོར་འགོ་བཙུགས་ཏེ་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་དང་དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་གཅེས་སྐྱོང་རྒྱབ་སྐྱོར་མུ་མཐུད་གནང་མུས་སུ་གྱུར་ཡོད། སུད་སི་བུད་མེད་ཚོགས་པར་ཚོགས་མི་༡༧༠ ཙམ་ཡོད་པ་དང། ༡༩༨༨ ལོ་གསར་འཛུགས་ཀྱིས་སྒྲིག་གཞི་བཞིན་བོད་དོན་ལ་དོ་ཁུར་ལེན་མུས་སུ་ཡོད། མཐོ་སློབ་རྒྱབ་སྐྱོར་ཚོགས་པར་ཚོགས་མི་༢༥ ཙམ་ཡོད་ལ། ཚོགས་པ་འདི་༡༩༨༩ ལོར་འགོ་བཙུགས་ཏེ་བོད་མིའི་རྩ་དོན་ལ་སེམས་ཁུར་གྱིས་དྭང་བླངས་མཐུན་འགྱུར་ཞུ་བཞིན་ཡོད། དེ་བཞིན་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ལ་མཚོན་ན། སུད་འཁོད་དབུས་གཙང་ཆོལ་ཁར་ཚོགས་མི་༡༨༠ ཙམ་ཡོད་པ་དང་༡༩༨༩ ལོར་གསར་འཛུགས་ཞུས། སུད་འཁོད་མདོ་སྟོད་ཆོལ་ཁར་ཚོགས་མི་ཁྱིམ་ཚང་༨༠ ཙམ་ཡོད་པ་དང་༡༩༧༩ ལོར་གསར་འཛུགས་ཞུས། སུད་འཁོད་མདོ་སྨད་ཆོལ་ཁར་ཚོགས་མི་༦༠ ཙམ་ཡོད་པ་དང་༡༩༨༩ ལོར་གསར་འཛུགས་བྱས་པ་བཅས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་སོ་སོས་རང་རང་གི་སྒྲིག་གཞི་དང་འགལ་མེད་ལས་དོན་སྒྲུབ་བཞིན་ཡོད། གོང་དུ་གསལ་བའི་སྒྲིག་འཛུགས་ཕན་ཚུན་གྱི་བར་འབྲེལ་བ་གཏིང་ཟབ་དང་དམ་ཚིག་གཙང་མ་ཡོང་ཆེད་དུ་ཁོངས་སོ་སོའི་ལས་བསྡོམས་ཚོགས་ཆེན་ལ་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་དམིགས་བསལ་གདན་འདྲེན་ཞུ་བཞིན་ཡོད།
སུད་སིར་བོད་མིའི་མི་འབོར་ནི། ༡༩༦༠ ལོ་ཙམ་ནས་ད་ལྟའི་བར་རྒྱལ་ཁབ་འདིར་ཁྱོན་བསྡོམས་བོད་མི་སྐྱབས་བཅོལ་བ་མི་གྲངས་༤༠༠༠ ལྷག་ཡོད་པ་མ་ཟད། ང་ཚོའི་སྒྲིག་འཛུགས་འདི་ས་གནས་ཚོགས་ཆུང་༢༣ ནང་ཆ་བགོས་དང། ས་གནས་འཐུས་མིའང་༣༡ འོས་འདེམས་བྱུང་ཡོད་ཅིང། བོད་ཡིག་འཛིན་གྲྭ་ནི་དུས་སེང་ནམ་བྱུང་ལ་ས་གནས་ཁག་༧ ཙམ་ལ་སློབ་ཚན་རྒྱུན་མ་ཆད་པར་ཡོང་བའི་དོན་གཉེར་གནང་གི་ཡོད་པ་དང། དེའི་ལས་འགན་དང་འཛིན་སྐྱོང་ཡང་ས་གནས་འཐུས་མིིའི་སྐུ་ཚབ་རྒྱུན་ལས་གཅིག་དང། སློབ་དགེ་༢༥ ནས་གནང་མུས། སློབ་ཕྲུག་ཀྱང་༡༣༨ ཙམ་ཟིན་ཡོད། ཡང་ཚོགས་གཙོ་ཚོགས་གཞོན་གཙོས་པའི་རྒྱུན་ལས་༡༡ དང། ལོ་གཅིག་གི་ནང་ལ་ས་གནས་འཐུས་མིའི་ཚོགས་འདུར་ཉུང་མཐའ་ལ་ཐེངས་༩ ཚོགས་མུས། དེ་བཞིན་ས་གནས་གྲོས་ཚོགས་ནི་ལོ་གཅིག་གི་ནང་ལ་ཐེངས་༢ དངོས་སུ་ཚོགས་བཞིན་ཡོད།
གཞན་ཡང་སུད་སི་དང་ལེཀ་ཌེན་སྤྲཡན་བོད་རིགས་མི་མང་གི་གསར་འཕྲིན་ཡང་རྩོམ་སྒྲིག་ཚོགས་ཆུང་ནས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་པར་འགྲེམས་སྤེལ་དང། གཞན་འདི་ཁུལ་དུ་ཕྱིས་སུ་ལུང་ཚན་སྐྱིད་སྡུག་དང། བློ་མཐུན་གྱི་སྐྱིད་སྡུག་ཀྱང་ཇེ་མང་དུ་འགྲོ་མུས་ཀྱང་ཡིག་ཚོགས་མང་བས་མ་བཀོད། མདོར་ན་སུད་སི་རུ་༡༩༦༠ ལོར་འབྱོར་བའི་བོད་རིགས་སྐུ་བགྲེས་ཕལ་ཆེ་བ་འདས་ཟིན་ཏེ་དེང་སང་མི་རབས་གཉིས་པ་དང་གསུམ་པའི་ཁོངས་ནས་འདི་ཁུལ་བོད་མིའི་སྤྱི་ཚོགས་ཀྱི་རྩ་དོན་ཐོག་ལ་འགན་ཁུར་གཙོ་བོ་ལེན་བཞིན་པ་དང། མི་རབས་གཉིས་པ་དང་ལྷག་པར་དུ་མི་རབས་གསུམ་པ་ཚོར་འདི་ཁུལ་ཁོར་ཡུག་ནང་འཚར་ལོངས་བྱུང་ཡོད་པ་དང་སློབ་སྦྱོང་གི་གོ་སྐབས་ཐོབ་པས། ཡུལ་མི་དང་དཔུང་པ་མཉམ་གཤིབས་ཀྱིས་ཁོངས་སོ་སོའི་འཚོ་བ་སྐྱེལ་གྱི་ཡོད་པ་དང། རང་ཡུལ་དང་ཁ་བྲལ་ནས་གཞན་ཡུལ་དུ་གཞིས་འཁོད་ཀྱི་གནས་སྐབས་དཀའ་ངལ་ཆེ་བ་གཅིག་ནི་སྤྱིར་ཤེས་ཡོན་གོ་སྐབས་བཟང་པོ་ཡོད་ནའང། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གོམས་སྲོལ་སོགས་སློབ་གཉེར་བློ་འདོད་ཚིམ་པ་ཞིག་བྱ་རྒྱུའི་མཐུན་རྐྱེན་ཆ་ཚང་བ་ཞིག་ཡོང་ཐབས་བྲལ་བ་ནི་དངོས་ཡོད་ཡིན། འོན་ཀྱང་དཀའ་ངལ་དེ་སེལ་ཐབས་སུ་སེམས་ཁུར་དང་དོ་སྣང་འབད་བརྩོན་བྱ་མུས་དང། དཀའ་ངལ་དེ་དག་ལ་གདོང་ལེན་ཡུན་རིང་བྱེད་དགོས་པ་ལས་འཕྲལ་དུ་སེལ་རྒྱུ་ནི་ཧ་ཅང་ཁག་པོ་རེད། དེང་དུས་སུད་སིའི་སྤྱི་ཚོགས་ཀྱི་ཁྲོད་དུ་བོད་མི་གནད་ཡོད་ཀྱི་ལས་འགན་ཁུར་མཁན་ཡང་མི་ཉུང་བ་ཡོད་པ་དང་ཕྱིན་ཆད་ཇེ་མང་དུ་འགྲོ་ངེས་སུ་གྱུར་ཡོད། ལར་ནས་རང་རེའི་ཁྱད་ཆོས་དང་ཆེ་མཐོང་གཅེས་སྐྱོང་བྱ་རྒྱུའི་ལས་འགན་ནི་བོད་མི་ཡོངས་ལ་འཁྲི་ཡོད་པ་བཞིན་ཚང་མས་འབད་བརྩོན་ལྷོད་མེད་དུ་བྱེད་དགོས། ཐབས་སྡུག་པ་ཞིག་ལ་རང་རེའི་སྤྱི་ཚོགས་ནང་གནད་དོན་ཆུང་ཙག་སྐོར་ལ་ལབ་གླེང་ཡོང་དང་ཡོང་མུས་ལྟར། དཀའ་རྙོག་དེ་དག་སེལ་ཐབས་སུ་ཕན་ཚུན་ངོ་གདོང་ཐུག་སྟེ་དག་སེལ་དངོས་སུ་མ་ཐུབ་པའི་རྒྱུ་མཚན་རྒྱབ་ལྗོངས་གང་ལ་ཐུག་ཡོད་མེད་རྣམ་དཔྱོད་དང་རང་ཚུགས་ལྡན་པའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་ངེས་པར་དུ་གནང་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཉག་གཅིག་ཏུ་གྱུར་ཡོད། དེ་ལྟར་མ་ཐུབ་ན་ནང་བཀྲ་མ་ཤིས་ན། ཕྱིའི་དོན་མི་འགྲུབ་པའི་བཤད་སྲོལ་ཡོད་པ་བཞིན་དུ་འགྱུར་ངེས་སུ་མཐོང། དེ་འདྲ་མི་ཡོང་བའི་ཆེད་དུ་རང་རེའི་ནང་ཁུལ་ལ་མཐུན་ལམ་ཟབ་མོ་དང། ཕན་ཚུན་དོགས་པ་དང་རྣམ་རྟོག་མི་དགོས་པའི་ཐོག་ནས་འབྲེལ་བ་མི་འགྱུར་གཡུང་དྲུང་བཞིན་དུ་གནས་ཐབས་ལ་བོད་མི་ཡོད་དོ་ཅོག་གི་གནས་སྐབས་ཀྱི་ལས་འགན་གང་ཡིན་ངོས་འཛིན་ཐུབ་པ་ཞིག་དགོས་པས་དེ་དོན་ཐུགས་ལ་མངའ་བའི་རེ་སྐུལ་ཙམ་དུ། །