རོགས་སྐྱོབ་རུ་ཁག་འགའ་ཞིག་གིས་འབྲོག་ཁྱི་བརྐུས་སོང་།
ཡུལ་ཤུལ་འབྲོག་ཁྱི་ནི་སྐད་གྲགས་ཧ་ཅང་ཆེ་བས། བོད་མི་མང་པོ་ཞིག་གི་ཁྱིམ་ཚང་དུ་གསོ་ཉར་བྱས་ཡོད།
མེ་གསོད་རུ་ཁག་གི་སྒྲིག་ཆས་ཏེ་ལི་སེར་མདོག་ཅན་གྱོན་པའི་མི་འདི་གསུམ་གྱིས་གད་མོ་ཚལ་ཚལ་ངང་བོད་ཀྱི་འབྲོག་ཁྱི་ཆུང་ཆུང་ཞིག་རླངས་འཁོར་ནང་བཅུག་གྲབས་བྱེད་ཀྱི་འདུག
དྲ་གྲོགས་ཤིག་གིས་ངའི་Twitter དྲ་དེབ་ཐོག་བཞག་པའི་སྐད་ཆ་བཀླགས་ནས་བཤད་རྒྱུར།
གསར་འགྱུར་ཞིག་གི་ནང་དུ་བོད་ཀྱི་འབྲོག་ཁྱི་སྐྱོབ་དགོས་ཞེས་འཁོད་ཡོད་ཟེར།
སྐད་ཆ་དེ་ནི་ཅུང་བདེན་མེད་ཧམ་བཤད་བྱས་པ་ཞིག་རེད། འབྲོག་ཁྱི་ཆུང་ཆུང་དེ་ཚོ་འཆི་སྐྱོན་ཐེབས་པའི་བོད་མིའི་ཁྱིམ་ཚང་གི་ཡིན་པས། ཤུལ་ལུས་བོད་མི་ཚོར་གསོ་ཉར་བྱ་བཅུག་ན་ཏག་ཏག་འགྲིག་གི་ཡོད་པ་རེད། བོད་ཀྱི་འབྲོག་ཁྱིའི་རིན་གོང་ཧ་མི་གོ་མཁན་སུ་ཞིག་ཡོད།
ལྷ་སའི་ཉེ་སྐོར་ན་བོད་ཀྱི་འབྲོག་ཁྱི་འཚོང་སའི་ས་ཚུགས་ཆེ་ཁག་ཏུ་མེ་གསོད་རུ་ཁག་དང་། མཐའ་མཚམས་སྲུང་དམག་དེ་ཚོས་ཉོ་ཡི་ཡོད་ལ། རིན་གོང་ཧ་ཅང་མཐོ་པོ་ཡོད་པ་རེད། ན་ནིང་ཟླ་བ་༣ པའི་ནང་དུ། “ཤིན་ཨན་གི་སྦྱིན་བདག་ཆེན་མོ་ཞིག་གིས་སྒོར་ཁྲི་ ༤༠༠ སྤྲད་ནས་བོད་ཀྱི་འབྲོག་ཁྱི་ཞིག་ཉོས་པ་དང་། གནམ་ཐོག་བརྒྱུད་ས་གནས་སུ་ཁྱེར་ཏེ་མྱུར་བགྲོད་རླངས་འཁོར ༣༠ ཡིས་གནམ་ཐང་ནས་བསུས།” གསར་འགྱུར་འདི་སྨྱོ་བ་ལྟར་བརྒྱུད་ལམ་ཁག་ཏུ་ཤུགས་ཆེ་ཁྱབ། དེའི་ཕྱིར་། བོད་ཀྱི་འབྲོག་ཁྱིའི་སླད་དུ་ཁ་ཆུ་འཁོར་མཁན་ཧ་ཅང་མང་པོ་རེད།
ད་ལྟ་རང་ཡུལ་ཤུལ་ནས་ཁ་གྱེས་པའི་ངའི་གྲོགས་མོ་ཞིག་གིས། ང་ལ་ཁ་པར་བཏང་ནས་བཤད་དོན། ཏོག་ཙམ་མིན་ན་ཆེ་ལ་གཏུམ་དྲག་ལྡན་པའི་འབྲོག་ཁྱི་ཞིག་གིས་མཆེ་བ་བརྒྱབ་སོང་། སྟབས་ལེགས་པ་ཞིག་ལ། བོད་མི་ཞིག་གིས་ཤེད་ཀྱིས་བསྐྲད་སོང་ཟེར། ད་དུང་གནོད་ཕོག་ས་ཁུལ་གྱི་ག་ས་གང་ལ་ཁྱི་དག་མདུར་རྒྱུག་བྱེད་བཞིན་འདུག་ཟེར།
བོད་ཀྱི་འབྲོག་ཁྱི་ནི་བདག་པོ་ལ་ཆེས་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ཁྱི་ཞིག་རེད། ད་ཐེངས་ཀྱི་ས་འགུལ་འདིས། ཁྱིམ་ཚང་རེ་རེ་བྱས་ནས་མི་སེར་དཀྱུས་མ་འདི་འདྲའི་མང་པོ་ཞིག་འཆི་བདག་གཤིན་རྗེའི་ཁ་ནང་ལ་བཏབ་སོང་། སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་འབྲོག་ཁྱི་ཆེན་པོ་དེ་དག་ཀྱང་སེམས་སྡུག་གིས་སྨྱོན་པ་ལྟར་ཆགས་ཡོད།
འོན་ཏེ། འབྲོག་ཁྱི་ཆུང་ཆུང་དེ་ཚོ། སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་ཕྲུ་གུ་ཆུང་ཆུང་ཞིག་དང་འདྲ་བར་ཆགས་ས་འཁོར་ས་མེད། ད་དུང་། བློ་ཡུལ་ལས་འགོངས་པ་ཞིག་ལ་ཧམ་སེམས་ཆེ་བའི་མི་དེ་དག་གི་ཁ་གཏད་ལྟ་བུ་ཆགས་པ་རེད། དོན་ངོ་མར་མི་དེ་དག་ནི་རོགས་སྐྱོབ་རུ་ཁག་ཡིན་པ་རེད། དེ་འདྲ་ཡིན་དུས། རོགས་སྐྱོབ་རུ་ཁག་གིས་ས་བསྔོགས་ནས་མི་སྐྱོབ་རྒྱུ་བཞག་སྟེ། བོད་ཀྱི་འབྲོག་ཁྱི་རྐུ་འཁྱེར་བྱེད་པ་དེ་ནི་ཧ་ཅང་ཐལ་དྲགས་པ་མ་རེད་དམ།
{jcomments on}