༧གོང་ས་མཆོག་བོད་དུ་ཕེབས་ཐབས་ལ་འབད་བརྩོན་དགོས།

ཟླ་འདིའི་ཚེས་༢༢ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་༧གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཐེ་ཝན་དུ་མཚོ་རླུང་གི་རྐྱེན་ངན་བྱུང་པའི་སྐབས་ཁོང་ཕེབས་མྱོང་བ་ལྟར། ད་ཐེངས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་སར་ཕེབས་ཐུབ་ན། མི་མང་གི་སེམས་སུ་སྙིང་སྟོབས་འཕེལ་རྒྱུ་དང་སྡུག་བསྔལ་ཕྲན་བུ་ཉུང་དུ་གཏོང་རྒྱུ་ཕན་ཐོགས་ཡོང་གི་རེད་ཅེས་བཀའ་ཕེབས་པ་བཞིན། ས་གནས་གང་སར་འདིའི་སྐོར་ལ་དོ་སྣང་ཤུགས་ཆེན་བྱེད་མཁན་དང་། ༧གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སར་ཕེབས་ཐབས་སུ། ལས་འགུལ་སྤེལ་མཁན་སོགས་མང་དུ་འགྲོ་བཞིན་ཡོད་པ་རེད།

དེ་ཡང་ཨོ་སི་ཁྲི་ལའི་ཡའི་སྤྱི་མཐུན་ཆབ་སྲིད་ཚོགས་པ་མང་ཆེ་བ་དང་། ཨོ་སི་ཁྲི་ལའི་ཡ་བོད་དོན་ལྷན་ཚོགས། ཡུལ་དེའི་གྲོས་ཚོགས་མི་སྣ་དང་མི་མང་བཅས། ཁྱོན་མི་གྲངས་༡༡༠༠ ལྷག་ཙམ་གྱིས་མིང་རྟགས་བཀོད་པའི་སྙན་ཞུ་ཞིག་ཡུལ་དེའི་སྲིད་བློན་ལ་ཕུལ་ཡོད་པ་དང། སྙན་ཞུ་དེའི་ནང་ཨོ་སི་ཁྲི་ལའི་ཡའི་སྲིད་བློན་བརྒྱུད་ནས་རྒྱ་ནག་གི་དཔོན་རིགས་ཚོར། ངེས་པར་དུ་༧གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སའི་བོད་ཀྱི་ས་ཁུལ་དུ་གདན་འདྲེན་ཞུ་དགོས་པའི་སྐུལ་མ་གཏོང་དགོས་པའི་སྐོར་འཁོད་ཡོད་འདུག

དེ་དང་འབྲེལ་ནས་ཨོ་སི་ཁྲི་ལ་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ། ས་ཡོམ་བྱུང་ས་བོད་ཀྱི་ས་ཁུལ་རེད་ལ། འཆི་རྐྱེན་བྱུང་ས་བོད་མི་རེད། ད་ལྟའི་ཆར་བོད་ཀྱི་ས་ཁུལ་དུ་མྱུར་རྩལ་ལྡན་པའི་ངང་དགོས་ངེས་ནི་མྱུར་སྐྱོབ་དང་། དུས་ཡུན་རིང་པོའི་རིང་ལ་འཛུགས་སྐྲུན་གྱི་དགོས་མཁོ་བསྐོང་དགོས་པ་སོགས་ཡིན་པས། གནད་དོན་དེའི་ཐད་ལ་རྒྱ་ནག་གཞུང་གིས་འབད་བརྩོན་བྱེད་དགོས་ཞེས་སོགས་བརྗོད་ཡོད་པ་རེད།།

{jcomments on}