ཇོ་མོ་གླང་མའི་རི་རྩེ་གཙང་མ་བཟོ་འཆར།
ཟླ་འདིའི་ཚེས་༢༣ ཉིན་བྷི་བྷི་སིའི་གསར་འགོད་པས་བལ་ཡུལ་ནས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་ཤར་པའི་མི་རིགས་༢༠ ལས་གྲུབ་པའི་རུ་ཁག་གཅིག་གིས་བདུན་འདིའི་ནང་གངས་འཛེགས་འགྲུལ་བསྐྱོད་འགོ་འཛུགས་ཀྱིས། ཟླ་བ་༥ པའི་ཚེས་༡ ནས་ཇོ་མོ་གླང་མའི་རི་རྩེར་འབྱོར་ཐུབ་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་དང། རི་རྩེ་དང་རི་ངོས་སུ་ཡོད་པའི་གངས་འཛེགས་པ་རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཕུང་པོ་མར་འཁྱེར་ཡོང་རྒྱུ་དང་ལྷན་དུ། རི་བོའི་ངོས་སུ་ཡོད་པའི་གད་སྙིགས་རྣམས་གཙང་བཟོ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
དེ་ཡང་ཐེངས་༧ ཙམ་ཇོ་མོ་གླང་མའི་རི་རྩེར་འགྲོ་མྱོང་བའི་རུ་དཔོན་རྣམ་རྒྱལ་གྱིས་གསར་འགོད་པར། ཇོ་མོ་གླང་མའི་ཁོར་ཡུག་གཅེས་སྐྱོང་དང་གངས་རི་སྲ་བརྟན་ཡོང་ཐབས་ཀྱི་ལས་གཞི་སྤེལ་བ་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་དང། ང་གངས་འཛེགས་པ་ཞིག་གིས་གསལ་བོ་བཤད་རྒྱུ་ཞིག་ལ། ང་ག་དུས་གངས་ལ་འཛེགས་རུང་གད་སྙིགས་དང་འབག་བཙོག་མཐོང་སྐབས། ཁོང་ཁྲོ་ལངས་ཀྱི་འདུག་ལ་སྐྱིད་པོ་ཡང་མི་འདུག ངས་སྔོན་མ་མི་རོ་༣ མཐོང་སོང། དེ་བཞིན་ད་དུང་ཡང་མང་པོ་ཡོད་པ་གོ་ཐོས་བྱུང་བས། ད་ཐེངས་ཚང་མར་ཁྱེར་ནས་གཙང་བཟོ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
དེ་བཞིན་སུ་སིད་ནས་ཡིན་པའི་གངས་འཛེགས་པ་གྷན་ནའི་ཟེར་བའི་ཕུང་པོ་ཁོང་གི་ནང་མིའི་ཆོག་མཆན་ཐོབ་པ་བཞིན། རུ་ཁག་གི་སྒར་ནང་འཁྱེར་ཡོང་རྒྱུ་ཡིན་ཚུལ་དང། ༡༩༩༦ གངས་འཛེགས་པ་༡༥ རྐྱེན་ལམ་དུ་སོང་ཡོད་པ་དང། དེའི་ནང་ནས་༨ ཉིན་གཅིག་ནང་རྐྱེན་ལམ་སོང་ཡོད་པ་སོགས་ཤིན་ཏུ་མང་བས། ད་ཐེངས་ཚང་མ་གཙང་མ་བཟོ་འཆར་ཡོད་པས་འབྲེལ་ཡོད་ནང་མི་རྣམས་ཀྱིས་བསམ་ཤེས་གནང་རྒྱུའི་རེ་བ་དང། ཕྱོགས་གཅིག་ནས་གངས་རི་ནི་ཆུའི་འབྱུང་ཁུངས་དང། ཆུ་དགོས་པའི་མི་ཡིན་ན་གངས་རི་གཙང་མ་གཅེས་ཉར་བྱེད་དགོས་པ་དེ་ཤེས་དགོས་ངེས་ཡིན་ཞིང། ཕྱོགས་གཞན་ཞིག་ནས་གངས་རི་དེ་ས་གནས་དེ་དང་འབྲེལ་ཡོད་རྣམས་ཀྱིས་གནས་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ང་ཚོས་ལས་དོན་འདི་ལྟར་སྤེལ་འཆར་ཡོད་པར། ཚང་མས་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཆེན་པོ་རྒྱག་བཞིན་ཡོད་སྐོར་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།།
.