དགའ་མོས་བྱ་ཡུལ་གྱི་དབུ་འཁྲིད་གཉིས།
དེ་ཡང་ཟླ་འདིའི་ཚེས་༢༧ ཧྥ་རན་སིའི་རྒྱལ་ས་པཱེ་རི་སིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་རྒྱལ་ཁབ་དང། ཧྥ་རན་སི། འཇར་མན། ཨི་ཊ་ལི། སཱི་པན། ཨ་རི་བཅས་ཀྱི་མི་མང་ཁྲོད་དྲ་རྒྱ་བརྒྱུད་ནས་འཛམ་གླིང་ནང་གི་ཆེས་དགའ་མོས་བྱེད་སའི་དབུ་འཁྲིད་ཅེས་པ་འོས་འདེམས་བྱས་པའི་ནང། ཨ་རིའི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་ཨོ་བྷ་མ་མཆོག་ལ་བརྒྱ་ཆ་༧༧ དང། ༧གོང་ས་མཆོག་ལ་༧༥ ཐོབ་ཡོད་པས་ཁོང་གཉིས་ནི་འཛམ་གླིང་ནང་གི་ཆེས་དགའ་མོས་བྱ་སའི་དབུ་འཁྲིད་གཉིས་ཞེས་པ་འདེམས་ཐོན་བྱུང་ཡོད་པ་རེད།
དེ་བཞིན་རྗེས་ཨ་རིའི་རྒྱལ་དོན་དྲུང་ཆེ་ཁཱི་ལིན་ཊོན་ལ་བརྒྱ་ཆ་༦༢ དང་། འཇར་མན་གྱི་བློན་ཆེན་ཨན་ཇི་ལཱ་མར་ཀིལ་ལ་༥༤ རྒྱལ་ཚོགས་དྲུང་ཆེ་བྷན་ཀི་མུན་ལ་༣༧ ཡི་ཤུའི་བླ་ཆེན་པཱོབ་ལ་༣༦ བཅས་ཐོབ་ཡོད་པའི་ཁྱབ་བསྒྲགས་བྱས་འདུག དེ་དང་འབྲེལ་ནས་ཆེས་དགའ་མོས་བྱེད་མི་འོས་པའི་དབུ་འཁྲིད་དཀྱིལ་ཤར་ཁུལ་གྱི་རྒྱལ་ཁབ་ཨི་རན་གྱི་སྲིད་འཛིན་མཱ་མུན་ཌི་དང་། ཨེེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་བཅས་ལ་ངོས་འཛིན་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།