བྷེལ་ཀོབ་གཞིས་ཆགས་སུ་བགྲོ་གླེང་ཚོགས་འདུ།

སྐབས་དེར་མེ་སོར་ས་གནས་ཁྲིམས་ཞིབ་པ་མཚོ་སྣ་ལྷག་པ་དང་ལུགས་བསམ་གཞིས་འགོ་དགྲ་འདུལ། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་ཚོགས་གཙོ། ས་གནས་བུད་མེད་དང་གྲོང་སྡེའི་སྤྱི་མི་རྣམ་པ། བོད་དོན་ཐོག་དོ་སྣང་ཅན་གྱི་གཞོན་སྐྱེས་དགེ་འདུན་པ་ཁག་ཅིག་བཅས་མི་གྲངས་མཉམ་འཛོམས་ཐོག བཙན་བྱོལ་བོད་གཞུང་གི་ལས་དོན་དབུ་འཛུགས་བྱས་པའི་ཉིན་མོ་སྲུང་བརྩི་དང་འབྲེལ། བཙན་བྱོལ་བོད་གཞུང་གི་གལ་ཆེའི་རང་བཞིན་དང་། མ་འོངས་སྡུག་སའི་གྲ་སྒྲིག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་བྱས་སོང་། བགྲོ་གླེང་གཙོ་སྐྱོང་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་ཚོགས་འདུའི་ངོ་སྤྲོད་གསུང་རྗེས་སྐུ་མགྲོན་གཙོ་བོ་བོད་གཞུང་རྩིས་ཞིབ་དྲུང་ཆེ་ཟུར་པ་འཇིགས་མེད་འབྱུང་གནས་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་བགྲོ་གླེང་འགོ་འཛུགས་བྱས་སོང་། ས་གནས་ཁྲིམས་ཞིབ་པས་གཙོས་བགྲོ་གླེང་པ་རྣམས་རྣམས་ཀྱིས་རང་རང་གི་ལྟ་ཚུལ་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་ནི་ང་ཚོའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གནས་སྤོའི་ཚུལ་དུ་ཡོད་པའི་གཞུང་ཞིག་ཡིན་པ་དང་། དེ་ནི་བོད་ཕྱི་ནང་གི་རྒྱ་ཆེའི་བོད་མི་མང་ཚོགས་ཀྱིས་ངོས་ལེན་ཡོད་པའི་ཁྲིམས་མཐུན་གྱི་གཞུང་ཞིག་དང་། ངོ་སྤྲོད་བྱས་སོང་། དེ་བཞིན་མ་འོངས་པར་གཞིས་ཆགས་ཀྱི་གནས་བབས་ཐོག་གཞུང་དང་མི་མང་གིས་འགན་ཁུར་ཡོད་པའི་ཐོག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་འཛུགས་སྐྲུན་དགོས་པ་དང་། སྡུག་དཀའ་ལས་བརྒྱབ་ནས་བོད་དོན་བདེན་མཐའ་གསལ་ཆེད་གཞིས་ཆགས་ཁག་གི་གནས་སྟངས་སྲ་བརྟན་དུ་གཏོང་དགོས་པའི་བགྲོ་གླེང་བྱས་སོང་། མེ་སོར་གསར་འགོད་བཀྲ་ཤིས་བདེ་ལེགས་ཀྱིས།