ཤིན་ཅང་གི་དམར་ཕྱོགས་དྲུང་ཆེ་བརྗེ་བསྒྱུར།

ཟླ་འདིའི་ཚེས་༢༦ ཉིན་བྷི་བྷི་སིའི་གསར་འགོད་པས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཤིན་ཅང་གི་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ལས་ཐོག་རང་ལོ་༦༥ སོན་པ་ཝན་ལི་ཆུས་ཟེར་བ་དེ། རྒྱ་ནག་དབུས་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས་ལས་དོན་ཚོགས་པའི་དྲུང་གཞོན་ལ་བསྐོ་བཞག་བྱེད་གཏན་འཁེལ་ཡོད་པ་དང། ཧྲང་ཟེར་བ་རང་ལོ་༥༧ སོན་པ་ཞིག ཤིན་ཅང་གི་ཆེས་མཐོའི་དམར་ཕྱོགས་ཚོགས་པའི་དྲུང་ཆེར་ཟླ་བ་རྗེས་མར་བསྐོ་གཞག་བྱེད་གཏན་ཁེལ་ཡོད་འདུག
བརྗེ་བསྒྱུར་བྱེད་ལ་ཉེ་བའི་ཝན་ལི་ཆུས་ཟེར་བས། ལོ་༢༠ ཙམ་གྱི་རིང་ལ་ཤིན་ཅང་གི་ཡུ་གུར་ས་ཁུལ་དུ་དམར་ཕྱོགས་ཚོགས་པའི་དྲུང་ཆེའི་ལས་འགན་འཁུར་ནས་བཟུང། སློབ་གྲྭ་ཁག་ཏུ་ཆེད་དུ་ཡུལ་དེའི་སྐད་ཡིག་བརྗེ་བསྒྱུར་གྱིས་རྒྱ་སྐད་སློབ་ཚན་ནང་བཞག་པ་དང། སྤྱི་ཚོགས་ཞབས་ཞུ་ཁང་སོགས་སུ་ཡུལ་དེའི་ཁ་ཆེའི་ཆོས་ལུགས་ཀྱི་ལམ་སྲོལ། མགོ་དང་གདོང་སོགས་འགེབས་བྱེད་ཀྱི་རས་གྱོན་མི་ཆོག་པ་བཟོས་པ་དང། ཁ་ཆེའི་ཆོས་ལུགས་ཀྱི་ལམ་སྲོལ་ལྟར་ཟླ་རེའི་ནང་གི་སྨྱུང་གནས་སུ་བསྡད་མི་ཆོག་པ་བཟོས་པ་སོགས། རྒྱ་ནག་མི་རིགས་ཀྱི་སྐད་དང་ལམ་ལུགས་ཀྱིས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གཏོར་བཤིག་གཏོང་ཐབས་ཁོ་ན་བྱས་ཡོད་འདུག
དེ་བཞིན་ཕྱི་ལོ་༡༩༩༧ ཡུ་གུ་ནང་གྱེན་ལངས་བྱེད་སྐབས། ཝན་ལི་ཆུས་ཟེར་བས་མི་མང་ལ་དྲག་གནོན་ཤུགས་ཆེར་བྱས་ཡོད་པ་དང། ༢༠༠༢ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཡིས།  དྲུང་ཆེ་ཝན་ལི་ཆུས་ལ་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་གནད་དོན་འགན་འཁྲི་ཞེས་པའི་གོ་གནས་སྤྲད་ཡོད་པ་རེད། ལས་དོན་དེ་དང་འབྲེལ་ནས་ཤིན་ཅང་ཁུལ་དུ་སྣུམ་གྱི་བཟོ་གྲྭ་ཡར་རྒྱས་བཏང་ནས། རྒྱ་ནག་གི་ས་ཕྱོགས་གང་ས་ནས་རྒྱ་རིགས་བཟོ་ལས་པ་མང་པོ་བསྡུས་རུབ་བྱས་ཏེ་ཡུལ་དེར་རྒྱ་མི་རིགས་གཏན་འཇགས་གནས་ཐབས་ལ་འབད་བརྩོན་ཤུགས་ཆེན་བྱས་ཡོད་འདུག
ལོ་སྔོན་མའི་ཟླ་བ་༩ པའི་ནང་ཡུ་གུར་མི་རིགས་དང་རྒྱ་མི་རིགས་གཉིས་དབར་འཁྲུག་འཛིང་ཚབས་ཆེན་ཤོར་ཡོད་པ་དང། ཡུ་གུར་མི་མང་གྱེན་ལངས་བྱེད་སྐབས་ཧན་མི་རིགས་ལ་ས་གནས་དབུས་གཞུང་དང་ལས་བྱེད་པ་སོགས་ཀྱིས་རྒྱབ་རྩ་བྱས་མ་སོང་ཟེར་ནས། ཡུལ་དེར་ཡོད་པའི་རྒྱ་མི་རིགས་ཀྱིས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ལས་གནས་ནས་ཕྱིར་འཕུད་བྱེད་དགོས་པའི་ངོ་རྒོལ་ཡང་བྱས་ཡོད་པ་རེད།།