འབར་མའི་སྲིད་བློན་དང་བློན་ཆེན་བཅུ་བདུན་རྩ་དགོངས་ཞུ་འཆར།

ཟླ་འདིའི་ཚེས་༢༨ ཉིན་ཨ་རིའི་ཨཱི་པཱོ་ཆིའི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་འབར་མའི་དམག་གཞུང་གི་སྲིད་བློན་ལས་ཐོག་པ་ཐཱེན་སཱིན་ཟེར་བ། སླེབས་ལ་ཉེ་བའི་འབར་མའི་འོས་བསྡུ་ཆེན་མོའི་ནང། སླར་ཡང་འོས་ཐོབ་ཀྱི་རེ་བ་བཅངས་ཏེ། འབར་མའི་དམག་དོན་སྤྱི་ཁྱབ་ཀྱི་གོ་གནས་ནས་རྩ་དགོངས་ཞུ་འཆར་ཡོད་པ་དང། དེ་དང་འབྲེལ་ནས་བློན་ཆེན་ལས་ཐོག་པ་༡༧ ལས་གནས་ནས་རྩ་དགོངས་ཞུ་འཆར་ཡོད་འདུག

དེའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱི་ལོ་༡༩༦༢ ནས་འབར་མའི་གཞུང་དེ། དམག་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས་དབང་བསྒྱུར་བྱས་ནས་བཟུང། དམག་དོན་དཔོན་རིགས་སུ་འདྲ་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ན། དེས་གཞུང་གི་སྲིད་བློན་གྱི་དབང་ཆ་དང་དམག་དོན་ལས་འཁུར་གཅིག་མཚུངས་བྱེད་ཆོག་གི་ཡོད་ཀྱང། ལོ་འདིའི་ཟླ་བ་༣ ནང་འབར་མའི་འོས་བསྡུ་སྒྲིག་གཞི་གསར་པ་གཏན་འབེབས་བྱས་པའི་ནང།  དམག་དོན་གྱི་དཔོན་རིགས་ལས་གནས་ཐོག་ཡོད་བཞིན་དུ། སྲིད་བློན་གྱི་འོས་གཞི་དང་ལས་ཁུངས་ཀྱི་དབང་ཆ་འཐབ་རྩོད་བྱེད་མི་ཆོག་པའི་ལམ་ལུགས་ཤིག་འཁོད་ཡོད་འདུག

དེང་སྐབས་འབར་མའི་དམག་གཞུང་དཔོན་རིགས་ཀྱི་ཁོངས་སུ་གཏོགས་པ། སྲིད་བློན་གྱི་དབང་ཆ་ཐོབ་པར་རེ་བ་ཡོད་མཁན་ཚོ། འོས་བསྡུ་དང་སྲིད་བློན་གྱི་དབང་ཆའི་ཆེད་དུ་རྩ་དགོངས་ཞུ་འཆར་ཡོད་པ་དང། དེ་བཞིན་ཕྱོགས་འགལ་ཚོགས་པ་འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མི་ནུས་ཤུགས་ཅན་རྣམས་བཙོན་ཁང་དུ་ཡོད་པ་རྣམས།  འོས་གཞིའི་ནང་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་པ་དང།  དེའི་དམིགས་ཡུལ་གཙོ་བོའང་བཀག་ཉར་ཁང་དུ་ཡོད་པའི་མང་གཙོ་ཚོགས་པའི་ཚོགས་གཙོ། ལྕམ་ཨ་སང་སུ་ཅེ་ལ་འོས་ཐོབ་ཀྱི་རེ་བ་ཆེན་པོ་ཡོད་པ་བཀག་འགོག་བྱེད་ཆེད་དུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

.