ཁམས་འབའ་ཐང་དུ་བོད་དོན་ལས་འགུལ།

བསོད་ནམས་བསྟན་འཛིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༠༩ ཕྱི་ཟླ་༡༢ ནང་ལ་ཁམས་འབའ་ཐང་གླིང་ཀ་གཤིས་ཡ་སོའི་ཚ་ལུ་གྲོང་སྡེ་ནས་ཡིན་པའི་ཕ་ར་ལ་དང་མ་བདེ་ཆེན་ལྷ་མོ་གཉིས་ཀྱི་བུ་རང་ལོ་༡༨ ཅན་རྗེས་དགའ་ཞེས་པས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་རྫོང་ཐོག་ནས་བོད་ཀྱི་རྒྱལ་དར་བཟུང་སྟེ། བོད་རང་བཙན་ཡིན་སྐོར་གྱི་སྐད་འབོད་བྱེད་བཞིན་ཁྲོམ་ལ་སྐོར་བ་གཉིས་ཙམ་བརྒྱབ་རྗེས་དམག་མིས་འཛིན་བཟུང་བྱས་ནས་གཅར་རྡུང་ཡ་ང་བ་བྱས་ཡོད་ནའང། ཁོང་གིས་ཁྲིམས་ནང་ངས་བཤད་པའི་སྐད་ཆ་ཚང་མ་དྲང་བདེན་ཡིན།  ནམ་ཡང་རྫུན་མི་བཤད།  དེ་མིན་ང་ལ་གཞན་བཤད་རྒྱུ་ཅི་ཡང་མེད།  ཁྱེད་ཚོས་ང་གསོད་ན་གཏུབ་ན།  ང་རང་སྔ་དྲོ་གཏོང་ན་འདྲ་ཕྱི་དྲོ་གཏོང་ན་འདྲ་ངས་བདེན་པའི་ཆེད་དུ་སྐད་འབོད་བྱེད་ངེས་ཡིན་ཞེས་བརྗོད་འདུག  ད་ལྟ་ཁོང་འབྲེལ་ཡོད་ཀྱིས་གང་དུ་བཙོན་འཇུག་བྱས་ཡོད་ཙམ་ཡང་ཤེས་ཀྱི་མེད་པ་རེད།
འདི་ལོའི་ཕྱི་ཟླ་༤ པའི་ཚེས་༡༩ ཉིན་ཁམས་འབའ་སྡེ་གླིང་ཀ་གཤིས་ཡ་སོའི་ནེ་བོ་གྲོང་སྡེ་ནས་ཡིན་པའི་ཕ་བསོད་ནམས་དབང་ཕྱུག་དང་མ་དགའ་མོ་གཉིས་ཀྱི་བུ་རང་ལོ་ཉེར་གསུམ་ཅན་གྱི་གྲྭ་པད་ཕྲུག་ཟེར་བ་ཞིག་གིས་ཡིག་ཆ་གཏོར་སྦྱར་དང་།  བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཞེས་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གི་དམག་མིས་འཛིན་བཟུང་བྱས་ནས་ད་ལྟ་ཁོང་རང་རྫོང་གི་བཙོན་ཁང་ནང་སྡུག་བསྔལ་མྱོང་བཞིན་ཡོད།
སྤྱིར་བོད་ནང་དུ་གཏེར་ཁ་སྔོག་འདོན་གྱིས་དཀའ་ངལ་འཕྲད་བཞིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད།  དེ་བཞིན་འབའ་སྡེ་མངའ་རིས་ཞིང་ཁམས་དང་ལྷག་པར་དུ་གླིང་ཀ་གཤིས་ཀྱི་ས་ཁུལ་དུ་གཏེར་ཁ་བསྔོགས་ཏེ་ལོ་ངོ་ཉི་ཤུ་ཙམ་སོང་མོད།  མི་མང་ལ་ཁེ་ཕན་ཅི་ཡང་མེད་པ་མ་ཟད་མི་ཕྱུགས་ཚང་མ་ཉེན་ཁར་ཐུག་ཡོད།  སྔ་ལོར་ཡུལ་མི་དང་གཏེར་ཁ་སྔོག་མཁན་བར་ལ་རྩོད་པ་ཤོར་ནས་ཡུལ་མི་ཉི་ཤུ་ཙམ་འཛིན་བཟུང་བྱས་པ་མ་ཟད་ཕོ་སར་ཚུལ་ཁྲིམས་ཆོས་འཕེལ་གཅར་རྡུང་བྱས་ནས་བསད།  ད་ལོ་ཡང་ཡུལ་མི་དང་འཁྲུག་པ་ཤོར་གྱི་ཡོད་པ་དང། ཡུལ་མི་འགའ་ཞིག་འཛིན་བཟུང་བྱས་པ་དང་གཞན་འཛིན་བཟུང་བྱེད་རྒྱུའི་སྔོན་བརྡ་བཏང་ཡོད་པ་རེད། ཡུལ་མིས་གཞུང་ལ་ངོ་རྒོལ་བྱས་ནས་ད་ལོ་ཞིང་ས་མི་སྔོག་པའི་ལས་འགུལ་སྤེལ།  ཁོང་ཚོའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་ཁོང་ཚོ་བདག་སྐྱོང་ཡག་པོ་ཞིག་བྱེད་པར་རེ་བ་བརྒྱབ་པ་རེད།།