ཡུལ་ཤུལ།
ངས་མ་ཎི་འདོན་བཞིན་ཡོད་ལ།
གསོལ་འདེབས་ཞུ་བཞིན་ཡོད།
ཁྱོད་ཀྱི་རྣམ་ཤེས་ལྟོས་དང་།
ངས་མཆོད་མེ་འབུལ་བཞིན་ཡོད་ལ།
ཕྱག་གསུམ་འཚལ་བཞིན་ཡོད།
ཁྱོད་རང་བདེ་བར་གཤིགས་དང་།
བླ་མ་བཟང་པོས་ཁྱོད་ལ་ལམ་སྣ་འདྲེན་བཞིན་ཡོད་ལ།
དགེ་འདུན་སྟོང་གིས་ཁྱོད་ལ་སྐྱེལ་མ་མཛོད་བཞིན་ཡོད།
མ་ཚད། སྤུན་ཟླ་འབུམ་གྱིས་ཁྱོད་ལ་ལམ་རྒྱག་གནང་བཞིན་ཡོད།
ང་ནི། པོ་ཏ་ལའི་མདུན་ཕྱོགས་ན་ཁྱོད་རང་སྒུག་ནས་བསྡད་ཡོད།
ང་ལ་ཡིད་ཆེས་ཡོད། ང་ཚོ་སླར་ཡང་མཐོ་སྒང་ན་འཛོམས་ནས།
བླ་མ་གཅིག་གི་སློབ་མ་དང་། སྟོན་པ་གཅིག་གི་ཆོས་བྱེད་ནས།
ཡིད་བརྟེན་མེད་པའི་འཇིག་རྟེན་འདི་ནས་ཁ་བྲལ་ཆོག་ལ།
སྡུག་གི་རྨི་ལམ་འཁྲུག་པའི་སྲིད་པ་འདི་ནས་ལྷན་དུ་ཐོན་ཆོག
སྤུན་ཟླ་ལགས་མགྱོགས་ནས་མྱུར་དུ་ཕེབས་རོགས།
ང་ཁྱེད་རང་སྒུག་ནས་བསྡད་ཡོད།
ཁ་ཆབ་དང་བུ་ཡུག་འཚུབ་རུང་། དྲག་ཆར་དང་ལྷག་རླུང་ལྡང་རུང་།
ཚ་གྲང་གི་གནམ་ཤིས་ཇི་ལྟར་འཁྲུག་རུང་།
ང་ནི་ཁྱོད་རང་སྒུག་ནས་བསྡད་ཆོག
སྤུན་ཟླ་ལགས་མྱུར་དུ་ཕྱིར་ཕེབས་རོགས།