མགྱོག་མྱུར་ཐོབ་ཐང་རག་པའི་རེ་བ་ཡང་རྒྱག་གི་ཡོད།

ཟླ་འདི་ཚེས་༢༩ ཉིན་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཡིག་ཚང་དབུ་འབྱེད་མཛད་སྒོའི་སྐབས། ཚོགས་པ་དེའི་ཚོགས་གཙོའི་གཏམ་གཤད་ནང་འཁོད་དོན། འདིར་གུས་པས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པ་འདི་ལྟ་བུ་ཞིག་འཛུག་དགོས་པའི་དམིགས་ཡུལ་དང་རྒྱུ་རྐྱེན།  བྱུང་རིམ་སོགས་ཀྱི་སྐོར་མ་བཤད་པའི་སྔོན་ལ་ཇོ་ནང་པའི་བྱུང་བ་མདོར་བསྡུས་ཞིག་ཞུ་ཆོག་པ་གྱིས་ཞུ་རྒྱུ་ཡིན།

jongang 4སྤྱིར་ཇོ་ནང་ཞེས་པའི་མིང་འདི་ནི་ཐོག་མར་ས་མིང་བླ་མར་ཐོགས་པ་དང་། དེ་ནས་བླ་མའི་མཚན་ཆོས་རྒྱུད་ལ་ཐོགས་པ་ཞིག་རེད།  དུས་རབས་བཅུ་གཉིས་པའི་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་ཞེས་པའི་ས་ཆར་གདན་ས་མཛད་དེ་སློབ་ཚོགས་བསྐྱངས་བས་ས་མིང་བླ་མར་ཐོགས་པ་དང་། དེ་ནས་རིམ་བཞིན་བླ་མའི་མཚན་དེ་ཡང་ཆོས་རྒྱུད་ལ་ཐོགས་ནས་ད་བར་དུ་ཆོས་རྒྱུད་འདི་འཛིན་མཁན་ཡོངས་ལ་དཔལ་རྒྱལ་བ་ཇོ་ནང་པ་ཞེས་ཐོགས་པ་རེད། དེའི་སྔོན་དུ་ཆོས་རྒྱུད་འདིའི་མཚན་ལ་སྦྱོར་དྲུག་པ་ཞེས་ཆོས་ལུགས་ཀྱི་མིང་ཆོས་རྒྱུད་ལ་ཐོགས་པ་ཞིག་རེད་འདུག ཆོས་རྒྱུད་འདིའི་བྱུང་རིམ་ནི་བོད་ཀྱི་ཆོས་རྒྱུད་སྤྱི་མཚུངས་ལྟར་མདོ་ཕྱོགས་དང་སྔགས་ཕྱོགས་གཉིས་ནས་བརྒྱུད་ཚུལ་མ་འདྲ་བ་རེ་ཡོད་པ་རེད།  དང་པོ་མདོ་ཕྱོགས་ནས་སྟོན་པ་ཐུགས་རྗེ་ཅན་ནས་ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་བར་དུ་བླ་བརྒྱུད་བཅུ་བདུན་བྱུང་ཡོད་ལ། སྔགས་ཕྱོགས་ནས་དང་པོར་སྟོན་པ་ཐུགས་རྗེ་ཅན་ནས་བྱང་ཤམྦྷ་ལར་དར་བ་དང་།  དེ་ནས་འཕགས་ཡུལ་དུ་དར་བ་ཡིན་པའི་དེ་ལྟར་རྩིས་ན་གྲུབ་ཆེན་དུས་ཞབས་པ་ཆེན་པོ་ནས་ཇོ་ནང་ཀུན་མཁྱེན་བར་དུ་བླ་བརྒྱུད་བཅོ་བརྒྱད་བྱུང་ཡོད་པ་རེད།   མདོ་སྔགས་གཉིས་ཀ་འདིའི་བར་དུ་བཀའ་ཧ་ཅང་དོག་པས་དབུས་གཙང་ཁུལ་ཙམ་ལས་གཞན་ལ་ཞེ་དྲགས་དར་ཐུབ་ཡོད་པ་མ་རེད།   ཇོ་ནང་ཀུན་མཁྱེན་དོལ་པོ་པས་ཆོས་འདིས་ས་སྟེང་ཁྱབ་པར་བྱས་ཞེས་གྲགས་པ་ལྟར་མདོ་སྔགས་རྒྱུད་པ་གཅིག་འདྲེས་སུ་བྱས་ཏེ་སློབ་ཚོགས་མཐའ་ཡས་པ་བསྐྱངས། ཁོང་གི་དངོས་སློབ་བྱམས་པ་ཁ་བོ་ཆེས་ཁམས་རྩེ་མདོའི་ས་ཆ་རྡོ་རྗེ་མཆེད་དྲུག་གི་གནས་སུ་ཆོས་གཞི་བཏབ་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བས་ཁམས་ཕྱོགས་སུ་ཆོས་རྒྱུད་འདི་དར་འགོ་ཚུགས་པ་རེད། དེ་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་ལ་རེད།  དེ་རྗེས་སུ་ཀུན་མཁྱེན་དོལ་པོ་པས་ལུང་གིས་ཟིན་པ་ཆོས་རྗེ་ཕྱོགས་རྒྱལ་བ་དང་ཀུན་མཁྱེན་ཉ་དབོན་པ་སོགས་ཀྱི་དངོས་སློབ་དྲུང་རཏྣ་ཤྲཱིས་ཕྱི་ལོ་༡༤༢༥ལོར་མདོ་སྨད་འཛམ་ཐང་དུ་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་གཞི་བཙུགས། འདི་ནི་མདོ་སྨད་དུ་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་དར་བ་ཐོག་མ་རེད་ལ། འཛམ་ཐང་ཆོས་རྗེ་གྲྭ་ཚང་གི་གདན་རབས་དང་པོ་ཡང་རེད། གདན་རབས་གཉིས་པ་ཆོས་རྗེ་རྒྱལ་བ་བཟང་གིས་རྒྱལ་རོང་ཕྱོགས་སུ་དགོན་སྡེ་བརྒྱ་བརྩ་བརྒྱད་བཏབ་སྟེ་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་རྒྱ་ཆེར་སྤེལ།  དེའི་རྗེས་སུ་ཇོ་ནང་ཏཱ་ར་ནཱ་ཐའི་དངོས་སློབ་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་སོགས་ཀྱིས་མདོ་སྨད་མགོ་ལོག་དང་རྔ་ཡུལ་སོགས་སུ་ཆོས་རྒྱུད་འདི་དར་རྒྱས་སུ་བཏང་། ད་སྐབས་སུ་བོད་ཆོལ་ཁ་གསུམ་ན་དགོན་སྡེ་དགུ་བཅུ་ལྷག་ཅིག་ཡོད་ལ་དེ་དག་ལས་མང་ཆེ་ཤོས་ཤིག་རྣམ་པ་ལྷན་རྒྱས་ལ་ཕུལ་ཟིན་པའི་དེབ་དེའི་ནང་ལ་ཕྱོགས་སྒྲིག་བྱས་ཡོད་ཞུ་རྒྱུ་ཡིན། འདི་ཡན་ཆོད་ནས་ཇོ་ནང་པའི་བྱུང་བ་ངོ་སྤྲོད་མདོར་བསྡུས་ཞིག་ཞུས་ཟིན་པའི་ཁུལ་ཡིན།

ད་ནི་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པ་འདི་ལྟ་བུ་ཞིག་འཛུགས་དགོས་པའི་རྒྱུ་རྐྱེན་དང་བྱུང་རིམ། མ་འོངས་དམིགས་ཡུལ་སོགས་ཀྱི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།   སྤྱིར་དཔལ་རྒྱལ་བ་ཇོ་ནང་པ་ཞེས་པ་འདི་མཉམ་མེད་ཟས་གཙང་སྲས་པོ་ནས་རྒྱུད་པ་བར་མ་ཆད་པ་ཞིག་ཡིན་པ་གུས་པས་གོང་དུ་མདོར་བསྡུས་ཤིག་ཞུས་ཟིན་པ་ལྟར་རེད།  ཆོས་རྒྱུད་འདི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་ཁ་སང་རང་༸གོང་ས་མཆོག་གིས་གསུངས་པ་ལྟར་རེད།  ཡིན་ན་ཡང་ད་སྐབས་བཙན་བྱོལ་ནང་དང་ཕྱི་རྒྱལ་ཁག་ལ་ཆོས་རྒྱུད་གཞན་པ་ནང་བཞིན་ཞིག་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་འདི་ཉིད་དར་རྒྱས་འགྲོ་ཐུབ་གྱིན་ཡོད་པ་མ་རེད་ལ། བཙན་བྱོལ་བོད་གཞུང་གིས་གཏན་འབེབས་བྱས་པའི་ཆོས་རྒྱུད་ཆེན་པོའི་གྲས་སུ་ཡང་ཚུད་ཡོད་པ་མ་རེད།  ཡིན་ན་ཡང་སྐབས་དེར་ཐོབ་ཐང་མ་སྤྲད་པ་དེ་བཙན་བྱོལ་དུ་ང་ཚོ་ཇོ་ནང་པར་དགོན་པ་མེད་པར་མ་ཟད། མི་གྲངས་ཡང་མང་པོ་མེད་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཕྱི་ལོ་༡༩༩༩ལོར་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་འཛིན་སྐྱོང་བཀའ་ཤག་ལ་སྙན་ཞུ་ཕུལ་ཏེ་ང་ཚོ་ཇོ་ནང་པར་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་རོགས་ཞེས་ཞུས་པ་རེད་ལ།  ད་སྐབས་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་དེའི་སྐོར་གྱི་ལས་རིམ་འགྲོ་དང་འགྲོ་བཞིན་ཡོད་པ་ནི་ང་ཚོས་དགའ་འོས་པའི་དོན་དག་ཞིག་ཏུ་བརྩི་བཞིན་ཡོད་ལ་མགྱོག་མྱུར་ཐོབ་ཐང་རེག་པའི་རེ་བ་ཡང་རྒྱབ་ཀྱིན་ཡོད། ཡིན་ན་ཡང་ང་ཚོས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཡ་ལ་རེ་བ་གཅིག་པུ་རྒྱབ་བསྡད་ན་འགྲིག་གམ་ཞེ་ན་དེ་ཡང་འགྲིག་གི་མི་འདུག jongang 1 ང་ཚོས་ངོས་ནས་ཀྱང་སྒྲུབ་དགོས་པ་མང་པོ་ཞིག་འདུག་སྙམ་ནས་ཚོགས་པ་འདི་ལྟ་བུ་ཞིག་འཛུགས་རྒྱུར་ཐག་བཅད་པ་རེད།  སྤྱིར་ལྷན་ཚོགས་འདི་ལྟ་བུ་ཞིག་འཛུགས་རྒྱུར་ལོ་གཉིས་ལྷག་གི་སྔོན་ནས་གླེང་སློང་ཤུགས་ཆེར་བྱུང་བར་མ་ཟད། ཕྱི་ལོ་༢༠༠༨ལོའི་ཇོ་ནང་སྨོན་ལམ་ཆེན་པོའི་སྐབས་སུ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་ཆོས་ཀྱི་སྣང་བ་དང་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རྣམ་གཉིས་ཀྱི་དབུས་ཕྱོགས་ཁག་ནས་ཕེབས་པའི་ཇོ་ནང་པ་ཡོངས་མཉམ་འཛོམས་ཐོག་མ་འོངས་ཇོ་ནང་པའི་ལས་འཆར་སྐོར་ལ་བཀའ་བསྡུར་བྱས་སྐབས་ལྷན་ཚོགས་འདི་ལྟ་བུ་ཞིག་འཛུགས་རྒྱུར་གླེང་སློང་ཤུགས་ཆེར་བྱུང་ནས་གྲོས་ཆོད་ཀྱང་བཞག་ཡོད་པ་རེད། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་མཆོག་དང། མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན། ཨོ་སི་ཊི་ལི་ཡར་གནས་བཞུགས་སྤྲུལ་འཇམ་དཔལ་བློ་གྲོས་སོགས་དབུ་བཞུགས་ཐོག་འཕགས་ཡུལ་ཇོ་ནང་མ་དགོན་དང་བལ་ཡུལ་ཇོ་ནང་དགོན་སོགས་སུ་ཚོགས་འདུ་ཐེངས་མང་པོར་འཚོགས་ཏེ་ལྷན་ཚོགས་འདི་ལྟ་བུ་ཞིག་འཛུགས་རྒྱུར་གྲོས་ཆོད་བཞག ཕྱི་ལོ་༢༠༠༩ཟླ་༡༢ནང་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོའི་སྐབས་ཕྱི་ཚེས་༡༨ནས་༢༥བར་ཉིན་བརྒྱད་རིང་འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་དང་། མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་དགེ་ལས་ཡོངས་དང་། བལ་ཡུལ་ཇོ་ནང་དགོན་པའི་དགེ་ལས་ཡོངས། གདན་ས་ཁག་ན་ཡོད་པའི་ཇོ་ནང་པའི་གྲྭ་རྒྱུན་རྣམས་ཀྱི་སྐུ་ཚབ། བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག དེ་བཞིན་དུ་རྡ་ས་སོགས་ས་གནས་ཁག་ནས་ཕེབས་པའི་གནད་ཡོད་སེར་སྐྱ་བཅུ་ཕྲག་བཞི་ལྷག་མཉམ་འཛོམས་ཐོག་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་སླད་དུ་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་བྱས་པ་དང་། དུས་མཚུངས་སུ་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་མཆོག་གི་བཀའ་ཁྲོལ་ལམ་སྟོན་འོག  ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་གྱི་དབུས་འཛམ་གླིང་ཡུལ་གྲུ་ཁག་ན་བཞུགས་པའི་དཔལ་རྒྱལ་བ་ཇོ་ནང་པའི་གནད་ཡོད་མི་སྣ་ཁག་ལ་བཀའ་འདྲི་དང་ལམ་སྟོན་ཞུས་པ་བརྒྱུད་ནས་ད་གཟོད་དཔལ་རྒྱལ་བ་ཇོ་ནང་པ་སྤྱིའི་ཚབ་མཚོན་པའི་ཚོགས་པ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་འདི་ཉིད་འཛུགས་རྒྱུར་ཐག་བཅད་པ་རེད། ད་ཚོགས་པ་འདི་ལྟ་བུ་ཞིག་བཙུགས་ནས་མ་འོངས་པར་དམིགས་ཡུལ་དང་ལས་འཆར་ག་རེ་ཡོད་ཟེར་ན་སྤྱིར་ཚོགས་པའི་དམིགས་ཡུལ་དང་ལས་འཆར་ཁག་རྣམ་པ་ལྷན་རྒྱལ་ལ་ཕུལ་ཟིན་པ་ལྟར་ལགས་ཀྱང་། ད་སྐབས་ཁ་ཚ་དགོས་གཏུགས་གྱི་ལས་འཆར་གཉིས་ཡོད་པ་ནི། དང་པོ་མཉམ་མེད་ཟས་གཙང་སྲས་པོའི་བསྟན་པ་སྤྱི་དང་བྱེ་བྲག་དཔལ་རྒྱལ་བ་ཇོ་ནང་པའི་ཐུན་མོང་མ་ཡིན་པའི་ཆོས་སྐལ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱིར་དུ་གསུང་རྩོམ་དཔེ་རྒྱུན་དཀོན་རིགས་རྣམས་པར་སྐྲུན་བྱས་ཏེ་འགྲེམ་སྤེལ་བྱ་རྒྱུ་དང་། ༸གོང་ས་མཆོག་གིས་བཀའ་ཕེབས་པ་ལྟར་ཇོ་ནང་པའི་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་འདི་དག་རྒྱུད་འཛིན་ཡང་དག་པ་ཞིག་ཡོང་བར་བརྩོན་པ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོར་མཐོང་ནས་འདི་ལ་རང་ནུས་ཅི་ཡོད་ཀྱིས་ལས་ཀ་བྱེད་རྒྱུ། གཉིས་པ་ནི་བོད་གངས་རིའི་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་བྱེ་བྲག་ཆོལ་གསུམ་བོད་མིའི་སྐད་ཡིག་གཅིག་གྱུར་གྱི་སྐོར་ལ་རང་ནུས་ཅི་ཡོད་ཀྱིས་འབད་པ་བྱེད་རྒྱུ་འདི་གཉིས་ཡིན་ཞུ་རྒྱུ་ཡིན།

མཐའ་དོན་༸གོང་ས་མཆོག་གི་དབུས་རིས་མེད་བསྟན་འཛིན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པ་དང་བོད་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་ཞུ།  ཐུགས་རྗེ་ཆེ།