ཧིན་སྒོར་འབུམ་བཅུའི་ཞལ་འདེབས།
བོད་ཀྱི་བུད་མེད་ཚོགས་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཞལ་འདེབས་ཕུལ་བ་དེ་བོད་ཀྱི་མ་དངུལ་རྩ་དགེ་རྩ་ཚོགས་པ་བརྒྱུད་ཕུལ་ཟིན་ཡོད་པ་དང༌། དེ་བཞིན་ཕྱི་ཚེས་ ༡༤ ཉིན་ནས་བཟུང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྐྱེ་དགུ་མདོར་ཇི་ལྟར་ངལ་སེལ་ཞལ་འདེབས་ཕུལ་དགོས་མིན་ཐོག་ཁུངས་ལྡན་འཚོལ་ཞིབ་ཀྱི་གྲོས་བསྡུར། འབྲེལ་ཡོད་ཁག་ནས་ལམ་སྟོན་མང་དག་ཞུས་མཐར་དབྱིན་ཇིའི་རྒྱལ་ཁབ་ནང་རྟེན་གཞི་ཡོད་པའི་བོད་ཀྱི་དགེ་རྩའི་ཡུལ་ཤུལ་ས་འགུལ་ཐེབ་རྩ་ཞེས་པའི་ཚོགས་ཆུང་བརྒྱུད་ཞལ་འདེབས་གཏོང་རྒྱུར་ཕྱི་ཚེས་ ༡༩ ཉིན་གཏན་ཁེལ་ཞུས་ཟིན་པ་ཡིན་ཅིང༌། བོད་ཀྱི་དགེ་རྩ་ཞེས་པའི་ཚོགས་པ་དེ་བཞིན་ད་བར་ཨེ་ཤི་ཡེའི་ཁྱབ་ཁོངས་སུ་ཡོད་པའི་ཡུལ་གྲུ་མང་དག་ནང་འབྱུང་འཇིགས་གོད་ཆག་ས་ཁུལ་ཁག་ལ་རོགས་རམ་སོགས་གནང་སྟེ་མི་ལོ་ ༢༥ ལྷག་གི་ཉམས་མྱོང་ཡོད་པ་དང༌། ཕྱི་ལོ་ ༡༩༩༥ ལོར་བོད་ཤར་ཁུལ་གྱི་གསེར་ཤུལ་ཁུལ་དུ་གངས་རུད་ཀྱི་གནོད་འཚེ་བྱུང་སྐབས། ཕྱི་ལོ་ ༢༠༠༧ ལོར་ཡུལ་ཤུལ་ཁུལ་དུ་ས་རུད་ཀྱི་དོན་རྐྱེན། ཕྱི་ལོ་ ༢༠༠༨ ལོར་ཨ་བ་ས་ཁུལ་དུ་ས་ཡོམ་གྱི་བྱུང་རྐྱེན་སྐབས་རོགས་རམ་ཁྱབ་ཆེ་གནང་འདུག ཚོགས་པ་དེ་དག་གི་འབྲེལ་ཡོད་མི་སྣ་ཡུལ་ཤུལ་ས་ཁུལ་དུ་ཆེད་གཏོང་གི་མིག་སྨན་མིག་ཐོག་གནང་རྒྱུའི་ཐོག་ཕྱི་གསལ་ནང་གསལ་གྱི་གནད་སྨིན་གནང་རྒྱུའི་ངེས་གཏན་བཅས་གནང་བྱུང༌། བོད་ཀྱི་བུད་མེད་ལྷན་ཚོགས་ནས་དེ་ལྟར་བཙན་བྱོལ་དུ་འབྱོར་རྗེས་མི་ལོ་ལྔ་བཅུའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ཞལ་འདེབས་ཕོན་ཆེ་ཕུལ་བའི་ཐོག་མ་དེ་ཆགས་ཡོད་ཅིང༌། དབུས་ས་གཉིས་ཀྱི་ད་ལམ་གྱི་ཧིན་སྒོར་འབུམ་བཅུའི་ཡོངས་ཁུངས་ནི་ས་གནས་ཡན་ལག་ལྔ་བཅུ་ང་གཉིས་ནས་ས་གནས་ཁུངས་སོ་སོར་དཔལ་འབྱོར་བསྡུ་འགོད་ཞུས་ཡོད་པའི་ཐོག དབུས་ལས་ཁུངས་ཀྱི་རྒྱུན་ལས་རྣམ་པ་དང་ལས་བྱེད་རྣམ་པའི་གསོལ་ཕོགས་ཀྱི་བརྒྱ་ཆ་ཉི་ཤུ་རེ་བསྡུ་རུབ་ཞུས་ཡོད་པ་ཡིན་ཅིང༌། སླད་ཀྱང་བཙན་བྱོལ་བུད་མེད་རྣམས་ནས་གཞིས་ལུས་གཅེན་གཅུང་ཚོའི་ཛ་དྲག་གི་གནས་སྟངས་ངལ་སེལ་ཐོག་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན།
གནས་ཚུལ་འབྱོར་གསལ་དུ་ས་ཡོམ་གྱི་གོད་ཆག་འོག་རོལ་བཞིན་པའི་བརྒྱ་ཆ་ ༡༠༠ ནས་ ༦༥ ནི་བུད་མེད་དང་ཕྲུ་གུ་ཡིན་པ་དང༌། ཁོང་ཚོར་ཟས་བཅུད་ལྡན་པའི་ཟས་རིགས་དང་འཐུང་ཆུ་གཙང་མ་མེད་ཁར་སྟབས་བདེ་ཐུག་པ་དང་ལྕག་ཀྲིན་རང་འགྲིག་གི་ཟ་མ་ལས་མེད་པའི་ཧ་ཅང་དཀའ་ངལ་དུ་གནས་ཡོད་པ་ལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཞལ་འདེབས་ནས་དམིགས་བསལ་བུད་མེད་དང་ཕྲུ་གུ་ཚོར་འཐུང་ཆུ་གཙང་མ་དང་ཟས་བཅུད་ལྡན་པའི་བཟའ་ཆས་མཐུན་རྐྱེན་དུ་འབུལ་རྒྱུ་ཡིན།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་མཆོག་གིས་གསུངས་དོན་སྐྱེ་དགུ་མདོར་བྱུང་བའི་ས་ཡོམ་གྱི་བྱུང་རྐྱེན་དེ་དག་བྱུང་རྗེས་གཞིས་བྱེས་བོད་མི་ཡོངས་ནས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བྱེད་སྒོ་འདྲ་མིན་སྤེལ་པ་རྣམས་སེམས་འགུལ་ཐེབས་འོས་པ་ཞིག་ཆགས་བཟུང༌། ང་ཚོས་ཤེས་གསལ་ལ་བཙན་བྱོལ་ནང་ཡོད་པའི་ཚོགས་སྡེ་མང་པོ་ཞིག་ནས་ཀྱང་དཔལ་འབྱོར་བསྡུ་འགོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང༌། བོད་གཞུང་བཀའ་ཤག་ནས་ཀྱང་ཉེ་ཆར་གསར་དུ་བཙུགས་པའི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་བརྒྱུད་ཞལ་འདེབས་གནང་རྒྱུའི་འབོད་སྐུལ་ཞུས་འདུག སྐྱེ་དགུ་མདོར་ད་དུང་ཡིན་ནའང་ལོ་མང་རིང་སྔར་གནས་བསྐྱར་གསོ་དང་གཞི་
གསར་ཆགས་ཀྱི་ལས་གཞི་སོགས་མུ་མཐུད་བྱ་དགོས་དུས་དབུས་དང་ས་གནས་བུད་མེད་ལྷན་ཚོགས་ནས་མུ་མཐུད་དཔལ་འབྱོར་བསྡུ་འགོད་གང་ཐུབ་བྱ་རྒྱུ་ཡིན།
མཐའ་དོན་དུ་ང་ཚོས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་དོན་ལ་སྐྱེ་དགུ་མདོའི་མི་མང་གི་བསམ་འདུན་དང་མངོན་འདོད་ལ་དོ་འཁུར་གནང་མུས་ཐོག་ྋསྤྱི་ནོར་ྋགོང་ས་མཆོག་ས་ཕྱོགས་དེར་ཞབས་གསོར་འཁོད་རྒྱུར་མཐུན་འགྱུར་གནང་སྐྱོང་བ་ཞུ།
བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཡན་ལག་ཁག ༥༢ ཡོད་ཅིང༌། ཚོགས་མི་ ༡༥༠༠༠ ལྷག་རྒྱ་གར་གཙོས་ཕྱི་རྒྱལ་ཁབ་ཏུ་གནས་འཁོད་བྱས་ཡོད། ཚོགས་པ་དེ་ནི་བཙན་བྱོལ་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཨང་གཉིས་པ་དེ་ཡིན། ལས་དོན་གཙོ་བོ་ནི་ཚོགས་པ་དེས་བོད་ནང་ཡོད་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་ཡོད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་དང་བོད་ནས་གསར་དུ་འབྱོར་བ་ཚོར་ནུས་སྟོབས་འཕེལ་རྒྱས་ཀྱི་སྲིད་ཞུ་སྒྲུབ་ཀྱི་ཡོད།
་