ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་སྲུང་དགོས།
དེ་ཡང་ཟླ་འདིའི་༣༠ ཉིན་ནི་༧གོང་ས་མཆོག་དྷ་སར་བཞུགས་ནས་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་བསྟུན་ནས། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་གར་ཧིི་མ་ཅལ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག དྷ་སའི་ཉེ་འདབས་དྷ་རིའི་ཐང་ཆེན་དུ་འཚོགས་ཡོད་པ་དང། སྐབས་དེར་༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཚོགས་མགོན་དུ་ཆིབས་བསྒྱུར་གནང་བ་དང། དེ་བཞིན་སྐུ་མགྲོན་གྱི་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་པཱི་རིམ་ཀུ་མར་མཆོག་དང། བཟོ་གྲྭའི་བློན་ཆེན། འབྲེལ་ཡོད་རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་ཅིག བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཁག་ཅིག དགོན་སྡེ་དང་སློབ་གྲྭ་ཁག་གི་འགན་འཛིན། དྷ་སའི་ཡུལ་མི་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་མཛད་སྒོར་མཉམ་ཞུགས་གནང་འདུག
དང་ཐོག་༧གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱིས་མཆོད་མེའི་ཞལ་ཁ་ཕྱེས་པ་དང། དེ་ནས་རིམ་གྱིས་༧གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ཀྱིས་གསུང་བཤད་གནང་སོང། ༧གོང་ས་མཆོག་གིས་མཛད་སྒོའི་ཐོག་བཀའ་སློབ་བསྩལ་དོན། དེ་རིང་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་སྤྱིར་རྒྱ་གར་ལ་སླེབས་ནས་ལོ་༥༡ དང། ཧི་མ་ཅལ་མངའ་སྡེའི་ནང་སླེབས་ནས་ལོ་༥༠ ཧྲིལ་པོ་འཁོར་ཡོད་པ་རེད། དེའི་རིང་ང་ཚོས་ཕ་ཡུལ་གཉིས་པ་ཟེར་ནས་མིང་ཙམ་དང་ཚིག་ཙམ་མ་ཡིན་པར། དོན་ངོ་མའི་ཆ་ནས་སོ་སོ་རང་ཡུལ་ལ་ཡོད་པ་བཞིན་དུ། རང་རང་ལ་ཁུར་དུ་བབས་པའི་ལས་འགན་བསྒྲུབ་རྒྱུ་དེ་རང་དབང་གི་ཐོག་ནས་བྱེད་ཆོག་ཆོག་ཅིག་བྱུང་ཡོད་པ་རེད། ད་དྲིན་ལན་གཞན་དག་ང་ཚོས་འཇལ་རྒྱུ་གང་ཡང་མི་འདུག་སྟེ། ཐུགས་རྗེ་ཆེ་ཞེ་ཐག་པ་ནས་ཞུ་རྒྱུ་དེ་ཤིན་ཏུ་འོས་པ་རེད། དེ་རིང་འདིར་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚང་མའི་ཚབ་བྱས་ནས། མངའ་སྡེའི་གཞུང་དང་གཞུང་གི་དབུ་ཁྲིད་ཕྱག་ལས་གནང་མཁན་ཚོ། ས་གནས་སུ་ཕྱག་ལས་གནང་མཁན་ཚོ་དང། ད་ལྟ་ཕྱག་ལས་གནང་བཞིན་པ་ཙམ་དུ་མ་ཟད། འདས་པའི་དུས་ཡུན་རིང་ང་ཚོ་བོད་མི་ཚོ་ལ་ཤ་ཚ་རྣམ་དག་གི་ཐོག་ནས་རོགས་རམ་གནང་མཁན་འདས་པོ་དེ་དག་གི་བཀའ་དྲིན་དྲན་པའི་ཐོག་ནས། སྨོན་ལམ་རྒྱག་རྒྱུ་དང་ད་ལྟ་འཚོ་ཞིང་བཞུགས་པ་ཚོར་ཞེ་ཐག་པ་ནས་ཐུགས་རྗེ་ཞེས་ཞུ་ཡི་ཡོད།
ང་ཚོ་ལོ་༥༠ རིང་ལ་རང་ཉིད་ཀྱི་མི་ཚེའི་རང་དབང་དོན་དུ་འདིར་བསྡད་ཡོད་པ་མ་རེད། ང་ཚོ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རང་དབང་གི་འཐབ་རྩོད། དེ་བཞིན་འཛམ་གླིང་གི་ཡང་རྩེ་རུ་གྲགས་པའི་བོད་གངས་ཅན་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སོགས། དེ་ཚོའི་ཐོག་ལ་ང་ཚོས་འདས་པའི་ལོ་དེ་དག་གི་རིང་སེམས་ཁུར་བླངས། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་འདུན་དེ་ང་ཚོ་རང་དབང་ལུང་པའི་ནང་ནས། ག་ཚོད་ཐུབ་ཐུབ་ཀྱིས་འཛམ་བུ་གླིང་འདིའི་སྒང་ལ་བཏོན་པའི་ལས་ཀ་ཞིག་བྱེད་ཀྱི་ཡོད་པས། གཞིས་ལུས་རྒྱ་ཆེའི་མི་མང་གིས་སྔ་མོ་ཡིན་ན་རྒྱ་གར་རྡོ་རྗེ་གདན་ཞེས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ཤོད་སྡོད་པ་ཞིག་རེད། དེང་སྐབས་དྷ་རམ་ས་ལ་ཟེར་དུ་ཕལ་ཆེར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་གོ་བསྡད་པ་ཞིག་རེད། དེར་བརྟེན་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱས་ནས། མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང།
འཛམ་བུ་གླིང་འདིའི་སྒང་ལ་བཙན་བྱོལ་བ་ས་ཡ་མང་པོ་ཡོད་རེད། དེའི་ནང་ནས་བོད་མི་བཙན་བྱོལ་བ་ཚོ་ཚགས་ཚུད་ཤོས་ཤིག་རེད་འདུག་ཟེར་ནས། བཙན་བྱོལ་བའི་གནས་སྟངས་ལ་རྒྱུས་ཡོད་མཁན་ཚོས་ཤོད་སྡོད་ཀྱི་འདུག། ༡༩༥༩ དང་༡༩༦༠ གཡས་གཡོན་ནས་བོད་མི་བཙན་བྱོལ་བའི་ཐོག་ལ་རོགས་སྐྱོར་བྱེད་མཁན། ད་ལྟའི་ཆར་ལོ་རྒས་ནས་བསྡད་ཡོད་པ་དེ་ཚོའི་གྲས་མང་པོ་ཞིག་གིས་ཁྱེད་རང་ཚོར་སྔོན་མ་ང་ཚོས་རོགས་རམ་བྱས་པ་རེད། རོགས་བྱས་པ་དེ་འབྲས་བུ་མཐོང་རྒྱུ་ཡོད་པ་ཞིག་བྱས་ནས་ཡག་པོ་ཞེ་དྲག་བྱུང་འདུག་ཅེས་བསྔགས་བརྗོད་གནང་གི་འདུག གང་ལྟར་བཙན་བྱོལ་བ་ས་ཡ་མང་པོའི་ནང་ནས། ང་ཚོ་བོད་མི་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཡས་མས་ཤིག་ཡོད་བསྡད་པ་དེ། ཕལ་ཆེར་བཙན་བྱོལ་བ་ཚགས་ཚུད་ཤོས་དེ་ཡོང་བསྡད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། རྒྱ་གར་འཕགས་པའི་ཡུལ་འདི། ང་ཚོ་དང་ལོ་སྟོང་ཕྲག་གི་རིང་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་ཞིག་ཡོད་པ་རེད། དངོས་ཡོད་ས་བབས་ཀྱི་ཆ་ནས་ཡིན་ནའང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བཞིན་ལྔ་བཅུ་ང་གྲངས་དང་དྲུག་ཅུའི་ནང་གི་རྒྱ་གར་གྱི་དབུ་ཁྲིད་ཚོས། དམིགས་བསལ་གྱིས་ང་ཚོའི་བོད་པའི་ཐོག་ལ་སེམས་ཐག་ཉེ་པོ་བྱས་པའི་ཤུགས་རྐྱེན་བྱུང་ཡོད་པ་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ང་ཚོ་བཙན་བྱོལ་བ་རྣམས་ཀྱི་ཆ་རྐྱེན་གཙོ་བོ་གཅིག་ནི་རྒྱ་གར་དབུས་གཞུང་རེད། ཡང་སྒོས་བོད་པ་ས་གནས་གང་དུ་ཡོད་པ་ཡིན་ནའང་ས་གནས་དེ་དང་དེའི་མངའ་སྡེ་གཞུང་དང། མི་མང་གི་ཐོག་ནས་བོད་པ་ལ་ཤ་ཚ་ལྡན་པའི་མཐུན་འགྱུར་གྱིས་ང་ཚོ་གྲ་འགྲིག་པོ་དེ་བྱུང་ཡོད་པ་རེད། དེའི་ཆ་ནས་ཡིན་ནའང་བཀའ་དྲིན་བརྗེད་དུ་མེད་པ་ཞིག་རེད།
ང་རང་སྒེར་གྱི་ངོས་ནས་ཞུ་འདོད་པ་ཞིག་ལ། བོད་མིའི་རང་དབང་དང་ང་རང་སྒེར་གྱི་རང་དབང་དེ་ང་ལོ་༢༤ ལ་སོན་དུས་བརླགས་པ་རེད་ལ་ལུང་པ་དང་ཡང་བྲལ་བ་རེད། རྒྱ་གར་གཞུང་གི་ང་སྐུ་མགྲོན་ཡིན་ཞེས་བརྗོད་ཀྱི་ཡོད་རེད། སྐུ་མགྲོན་ཡུན་རིང་ཤོས་དེ་ང་རེད། ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་པ་དེ་སྐྱོ་པོ་རེད། འདས་པའི་མི་ཚེ་དེའི་རིང་ལ་མཐོང་བ་དང་ཐོས་པ་སྐྱོ་པོ་ཤ་སྟག་བྱས་ནས་བསྡད་པ་ཡིན། ཡིན་ནའང་ཕྱོགས་གཞན་ཞིག་ནས་བཙན་བྱོལ་བ་ཆགས་པའི་རིང་ལ་མི་ཚེའི་དགོས་དོན་འགྲུབ་ཡོད་བསམ་གྱི་ཡོད། དེང་སང་འཛམ་བུ་གླིང་གང་ལ་སླེབས་ནའང་། རྒྱ་གར་གྱི་ཕ་མེས་ནས་ཡོད་བསྡད་པའི་འཚེ་བ་མེད་པའི་ལྟ་གྲུབ་དེ་ཡོང་བ་ལ་བྱམས་པ་དང་སྙིང་རྗེ་དགོས་ཀྱི་ཡོད་རེད། འཇིགས་སྣང་དང་དངངས་སྐྲག་གི་འོག་ནས་སྤྱོད་པ་འཚེ་བ་མེད་པ་ཡོང་ཤེས་ཀྱི་མ་རེད། སྤྱོད་པ་འཚེ་བ་མེད་པ་ཟེར་བ་ནི་ཕ་རོལ་པའི་སྲོག་ལ་བརྩེ་བ་བྱས། ཐོབ་ཐང་ལ་བརྩི་བཀུར་བྱས་པའི་འོག་ནས་ཆེད་དུ་གཉེར་ནས་བྱས་པ་དེ་ལ་ཟེར་གྱི་ཡོད་རེད། དེར་བརྟེན་འཚེ་བ་མེད་པའི་རྩ་བའི་ཀུན་སློང་དེ་བྱམས་བརྩེ་ལ་ཐུག་ཡོད་པ་རེད། དེ་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་རིས་སུ་མ་ཆད་པའི་ཆོས་བརྒྱུད་སྤྱི་ཡོངས་ནས་བཤད་ན། ལུང་པ་སུ་གཅིག་ལ་མེད་པ་ཐུགས་མཐུན་ཁྲིམས་གཙང་ཞིག་ཡོང་བསྡད་ཡོད་པ་རེད་ལ། ལོ་སྟོང་ཕྲག་གི་རིང་ལ་དེ་ཡོད་པ་རེད། ཆོས་ལུགས་དེ་དག་ཚང་མ་མཐུན་སྒྲིལ་ཡོང་ཆེད་སྔར་མེད་སར་གསར་དུ་བཏོད། ཡོད་སར་གོང་ནས་གོང་དུ་འཕེལ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དེ་གཉིས་ཀ་ངའི་རྣམ་དཔྱོད་ཀྱི་ཐོག་ནས་བྱུང་བ་གང་ཡང་མ་རེད། རྒྱ་གར་འཕགས་པའི་ཡུལ་ལ་ལོ་སྟོང་ཕྲག་གི་རིང་གོམས་གཤིས་ཡོད་པ་ཞིག་རེད། དེར་བརྟེན་ང་ཕར་ཚུར་འགྲོ་བའི་སྐབས་ང་རྒྱ་གར་གྱི་གནའ་རབས་ལྟ་གྲུབ་ཀྱི་བང་ཆེན་ཡིན་ཞེས་བཤད་ཀྱི་ཡོད་ལ། ང་རང་ལ་སྤོབས་པ་དེ་འདྲ་སླེབས་ཀྱི་ཡོད། དུས་ཡུན་རིང་པོའི་ནང་ངའི་མི་ཚེའི་གསུམ་ཆ་གཉིས་ལུང་པ་འདིའི་ནང་བསྐྱལ་བ་རེད་ལ། ནང་བསམ་བློའི་ཐོག་ནས་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་དེས་ང་འཚར་ལོངས་བྱུང་བ་རེད། ལུས་པོ་དེ་རྒྱ་གར་གྱི་འབྲས་དང་དྷ་ལི། ཇ་པཱ་ཏི་དེ་དག་གིས་ང་འཚར་ལོངས་བྱུང་བ་རེད། དེར་བརྟེན་ང་རང་འགྲེལ་བཤད་རྒྱག་དུས་རྒྱ་གར་གྱི་བུ་ཞེས་ཟེར་གྱི་ཡོད། རྒྱ་གར་གྱི་བུ་དེ་ཕར་དེད་ན་ཧཱི་མ་ཅལ་གྱི་བུ། དྷ་རམ་ས་ལའི་བུ་དང་ཀང་ར་རྫོང་གི་བུ་ཆགས་པ་རེད། རྒྱུ་མཚན་དེའི་ཆ་ནས་ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་གསུངས་སོང།
ཡང་ཁོང་གིས་བོད་མི་ཚོར། ང་རང་ཚོ་མི་མང་གི་ངོས་ནས་ཡིན་ནའང། བཀའ་དྲིན་རྗེས་དྲན་ལག་ལེན་གྱི་ཐོག་ནས་བྱེད་དགོས་ཀྱི་རེད། བོད་པའི་ཁ་རྒྱུན་ལ། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་སྲུང་དགོས་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ཚོ་ས་གནས་གང་དུ་ཡོད་ནའང་། ཡུལ་མི་གཅིག་མཚུངས་བཞིན་ཉམས་ཆུང་ཁྲིམས་མཐུན་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། ང་རང་བོད་པ་ཚོའི་ཡ་རབས་བཟང་པོའི་སྤྱོད་ཚུལ་དེ་ཁོར་ཡུག་གི་གནས་ཚུལ་ག་རེ་ཡིན་མིན་ལ་མ་ལྟོས་པར། རང་ཉིད་ཀྱི་ངོས་ནས་ང་བོད་པ་ཞིག་ཡིན་བསམས་ནས་ཡ་རབས་སྤྱོད་པ་བཟང་པོ་བྱེད་རྒྱུ་དེ་ནམ་ཡང་བརྗེད་ཐབས་ཡོད་པ་མ་རེད། ངའི་གྲོགས་པོ་རྙིང་པ་ཚོས་དྲུག་ཅུ་རེ་གྲངས་ཀྱི་བོད་པ་ཚོ་ཡ་རབས་རེད། ག་ལེར་ག་ལེར་བོད་པ་ཚོ་སྤྱོད་པ་སྡུག་ཏུ་སྡུག་ཏུ་འགྲོ་ཡི་འདུག་ཅེས་ཤོད་མཁན་ཡོང་གི་འདུག དེ་ནི་གདམས་ངག་མཚང་ཐོག་ཏུ་བབས་པ་ཟེར་བ་དེ་རེད། དེར་བརྟེན་ང་རང་ཚོས་དེ་ལུགས་ཀྱིས་རང་གིས་རང་ལ་ཞིབ་འཇུག་བྱེད་དགོས་པ་དང། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས་རང་གིས་རང་ལ་བརྟག་དཔྱད་བྱོས་ཞེས་གསུངས་པ་བཞིན། བོད་པ་རང་ཉིད་ཀྱི་འཚེ་བ་མེད་པའི་སྤྱོད་པ་ཡ་རབས་བཟང་སྤྱོད་དེ་རིན་ཐང་བྲལ་བའི་ནོར་བུ་ཡིན་བསམས་ནས་བདག་གཅེས་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད། གང་བྱུང་མང་བྱུང་བྱས་ནས་ཡ་རབས་བཟང་པོའི་བག་ཆགས་སྲབ་ཏུ་སྲབ་ཏུ་ཕྱིན་ན་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད་མ་རེད། དེ་ཁྱེད་རང་ཚོའི་སེམས་ནང་འཇོག་རོགས་གྱིས། ཡང་ཁ་ཤས་ཀྱི་རྣ་མཆོག་ནང་མ་སྙན་པ་ཡོད་ནའང། གྲོགས་པོ་ཉེ་ན་སྐྱོན་ལ་མཛུབ་མོ་བཙུགས་བཤད་པ་རེད། ཤ་ཚ་ཡོད་ན་སྐྱོན་ཡོད་ས་དེ་བཤད་དགོས་ཀྱི་ཡོད་རེད། ངའི་གཤིས་ཀ་དེ་ཁ་གསལ་གཏིང་གསལ་བྱེད་མཁན་དེ་འདྲ་ཡིན། དེ་ཁྱེད་རང་ཚང་མས་སེམས་ལ་འཇོག་རོགས་གྱིས་ཟེར་ནས་བཤད་འདོད་བྱུང་ཞེས་བཀའ་སློབ་ཟབ་རྒྱས་གནང་སོང།