དྲིན་བྱས་དྲིན་དུ་ཚོར་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་ཡིན།
ཕྱི་ཟླ་༤ ཚེས་༣༠ ཉིན་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་གར་ཧིི་མ་ཅལ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཐོག་བཀའ་ཁྲི་མཆོག་གིས་གསུང་དོན། ལོ་སྔོན་མ་༧གོང་ས་མཆོག་བཙན་བྱོལ་ལ་ཞབས་སོར་འཁོད་ནས་ལོ་༥༠ འཁོར་བའི་དུས་ཆེན་ཞིག་དང་མཉམ་དུ་རྒྱ་གར་རྒྱལ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་ཞིག་ཞུས་པ་བཞིན། ༧གོང་ས་མཆོག་ཧི་མ་ཅལ་མངའ་སྡེའི་དྷ་རམ་ས་ལ་རུ་ཕྱི་ལོ་༡༩༦༠ ཟླ་བ་༤ པའི་མཇུག་དང་ཟླ་བ་༥ པའི་ཚེས་ཤར་ལ་ཞབས་སོར་འཁོད་ནས་ལོ་༥༠ ཧྲིལ་པོ་ལོངས་པའི་ཉིན་མོ་འདི་ལ། ཧི་མ་ཅལ་མངའ་སྡེ་གཞུང་དང་མང་གཙོ་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་ཆེད་དུ་མཛད་སྒོ་འདི་གོ་སྒྲིག་ཞུས་པ་ཡིན། གང་ཡིན་ཟེར་ན་འདས་པའི་ལོ་ལྔ་བཅུ་རིང་ལ་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་རིགས་ཚོ་དང། ལྷག་པར་དུ་༧གོང་ས་མཆོག་གི་སྐུའི་སྲུང་བྱ་ནས་མཚོན་པའི་གནས་ཚུལ་མང་པོ་ཞེ་དྲག་གི་ཐོག་ལ། མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་ལ། ང་ཚོའི་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ལ་བསུབ་ཏུ་མེད་པ་དང། བོད་མི་རིགས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་བྱུང་རབས་ཤིག་རེད། བྱས་པ་དྲིན་དུ་མི་ཚོར་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་མིན་པ་གཞུང་ལུགས་ནང་གསུངས་པ་ནང་བཞིན། ང་ཚོས་ངེས་པར་དུ་བྱས་པ་ལ་བྱས་པ་ཤེས་པ་དང། བྱས་པ་དྲིན་དུ་ཚོར་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་ཡིན་པས་དེའི་རྗེས་སུ་འབྲངས་ནས་དེ་རིང་གི་མཛད་སྒོ་འདི་གོ་སྒྲིག་ཞུས་ཡོད།
སྤྱིར་རྒྱ་གར་ནང་མངའ་སྡེ་༩ དང་ལྡི་ལི་བརྩིས་པ་ཡིན་ན་བོད་ཀྱི་འཛིན་སྐྱོང་གི་ས་གནས་གཅིག་བཅས། ས་ཁག་༡༠ ནང་ལ་སྐྱབས་བཅོལ་བོད་མིའི་གཞིས་ཆགས་བཙུགས་ཡོད་པ་རེད། དེའི་ནང་ནས་གཞིས་ཆགས་མང་ཤོས་དེ་ཧིི་མ་ཅལ་མངའ་སྡེ་དེ་རེད། འདིའི་ནང་གཞིས་ཆགས་ཐོག་མ་འཛུགས་རྒྱུ་དེ་ས་གནས་གཞན་པ་ལས་སྔ་བ་བཙུགས་པ་རེད། ༡༩༥༩ ལོ་དེ་རང་ནས་ང་ཚོ་མཱན་ས་མཱ་རི་ལ་ཡོད་དུས་ནས་དེའི་ནང་ནས་བགྲེས་སོང་དང། སློབ་གཉེར་གནང་བཞིན་པ་ཁག་གཅིག་དྷ་ལ་ཧཱའོ་སི་ནང་བཏང་གནང་བ་དང་ཆབས་ཅིག ན་གཞོན་རུ་ཁག་གཅིག་ས་གནས་དེར་ལས་རིགས་སྣ་ཚོགས་ཀྱི་བཟོ་གྲྭ་བཙུགས་པ་དེར་བཏང་ནས་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མ་དེ་རེད། སྐབས་དེ་དུས་དྷ་ལ་ཧཱའོ་སི་པཱ་ཇཱའ་བྷིའི་ཁོངས་དེ། ད་ལྟའི་ཆར་ས་གནས་དེ་ཧཱི་མ་ཅལ་མངའ་སྡེའི་ཁོངས་རེད། དེ་ནས་བཟུང་སྟེ་ད་ལྟ་བར་དུ་དྷ་རམ་ལ་མ་བརྩིས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༤ ཙམ་ཆགས་ཀྱི་འདུག དྷ་རམ་ས་ལ་གཞུང་འབྲེལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཟེར་བ་དེ་འདྲ་མ་རེད་དེ། ༧གོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་བསྟུན་ནས་བོད་མི་གནས་སྡོད་མང་པོ་ཡོད་ས་ཞིག་ཆགས་བསྡད་ཡོད་པ་རེད། དྷ་ས་བརྩིས་པ་ཡིན་ན་གཞིས་ཆགས་ཁག་༡༥ ཙམ་རེད། མི་འབོར་དེ་ཙམ་མང་པོ་མ་རེད་དེ། ས་ཁུལ་གྱི་ཆ་ནས་མངའ་སྡེ་ཚང་མའི་ནང་བོད་མིའི་གཞིས་ཆགས་མང་ཤོས་དེ་རེད། བོད་མིའི་མི་འབོར་༢༡༠༥༡ ཙམ་མངའ་སྡེ་འདིའི་ནང་སྡོད་བཞིན་པ་རེད། དེའི་ཐོག་སློབ་གྲྭ་ཆེ་ཆུང་ཁག་༡༨ ནང་སློབ་ཕྲུག་གྲངས་༩༦༤༤ དང། དགོན་ཁག་༣༣ ནང་དགེ་འདུན་པའི་གྲངས་༤༣༣༡ དང། ཕྱོགས་མཚུངས་བཙུན་དགོན་༩ ནང་བཙུན་མ་༩༠༨ བཅས་ཁྱོན་མི་གྲངས་༣༥༨༢༤ ཙམ་མངའ་སྡེ་འདིའི་ནང་ཡོད་པ་རེད། དེ་ཚོ་ཚང་མའི་འཚོ་ཐབས་དང་འགྲུལ་བསྐྱོད་སོགས། མཐུན་རྐྱེན་གང་ཡིན་རུང་མངའ་སྡེ་འདིའི་ནང་ཁུངས་འཁྱོལ་ནས་བསྡད་ཡོད་པ་རེད།
མངའ་སྡེ་འདིའི་གཞུང་དང་མང་ཚོགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་དྷ་ས་ཁུལ་གྱི་རྒྱ་གར་སློབ་གྲྭ་ཁག་༡༢ ཙམ་ལ་མཐུན་རྐྱེན་བསྐྲུན་རྒྱུ་དང། Del lake ཌེལ་ལེག་མཚེའུ་དེ་ཉམས་གསོ། དབང་པོ་སྐྱོན་ཅན་རིགས་ལ་མཐུན་འགྱུར་བྱེད་རྒྱུ་སོགས་གནས་ཚུལ་ཅི་རིགས་ཀྱི་ཐོག་ལ། ཕྲན་བུ་ཙམ་བཀའ་དྲིན་རྗེས་དྲན་གྱི་མཚོན་བྱེད་དུ་མཐུན་འགྱུར་བྱེད་རྒྱུའི་འཆར་གཞི་སྒྲིག་གི་ཡོད། ལྷག་པར་དུ་དེ་རིང་མཛད་སྒོ་ཚོགས་སའི་དྷ་རིའི་ཐང་སྟེང་འདི་གཡར་བ་བཀའ་དྲིན་ཆེན་པོ་ཡིན། ཐང་སྟེང་གི་ས་ཁུལ་འདིར་གསང་སྤྱོད་ཀྱི་དཀའ་ངལ་ཡོད་པའི་སྐོར་གསུང་གི་འདུག དེར་བརྟེན་འདིའི་གཡས་གཡོན་དུ་གསང་སྤྱོད་མི་ཉུང་བ་ཞིག་མཐུན་འགྱུར་བྱེད་རྒྱུ་ད་ལྟའི་ལས་གཞིའི་ནང་འགྲོ་བསྡད་ཡོད་ལ། སྐབས་རེར་ཧི་མ་ཅལ་མང་ཚོགས་ལ་བོད་མི་རེ་གཉིས་ཀྱི་བྱས་པ་ལ་བརྟེན་ནས་དཀའ་ངལ་བྱུང་མ་མྱོང་བ་མ་རེད། ཡོང་སྲིད་པ་དང་ཡོང་མྱོང་བ་ཞིག་རེད། ཡིན་ནའང་དེ་དག་འཕྲལ་དུ་དཀའ་ངལ་མེད་པར་ཚང་མ་ཉམས་ཆུང་གི་ཐོག་ནས་སྡོད་ཐུབ་པ་དང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྤྱི་སྒེར་ཚང་མ་གནས་བབས་བཟང་པོ་འོག་ནས་མི་ཚེ་སྐྱེལ་ཐུབ་པ་དེ། ས་གནས་གཞུང་དང་མངའ་སྡེའི་གཞུང་གི་བཀའ་དྲིན་ཧ་ཅང་གི་རླབས་ཆེན་པོ་ཞིག་རེད། མངའ་སྡེ་གཞུང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་ཐད་ལ་རོགས་རམ་ཞེ་དྲག་གནང་གི་ཡོད་རེད། ལྷག་པར་དུ་སྨན་གྱི་སློབ་སྦྱོང་ནང་འཛུལ་ཞུགས་ཁག་པོ་ཡིན་པས། མངའ་སྡེའི་སྨན་གྱི་སློབ་གྲྭ་ཁག་ནས་བོད་མི་རྣམས་ས་མིག་༢ རེ་གནང་གི་ཡོད་རེད། དེ་དག་ལ་ང་ཚོས་ངེས་པར་དུ་བཀའ་དྲིན་བསམ་ཤེས་བྱེད་དགོས་པས། དེ་རིང་སྤྱི་ཁྱབ་མངའ་སྡེ་བློན་ཆེན་མཆོག་ལ་ཕེབས་རོགས་ཞེས་རེ་འདུན་ཞུས་པ་བཞིན། མཛད་འཕྲིན་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ཕེབས་ཡོད་པ་དང། དེ་དང་འབྲེལ་ནས་བཟོ་གྲྭའི་བློན་ཆེན་སོགས་ཡོད་པས། ཐུགས་རྗེ་ཆེ་མཚོན་བྱེད་དུ་ཞལ་ཐང་གཅིག་དང་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་མྱུར་སྐྱོབ་ཐེབས་རྩའི་ནང་དངོས་པོ་ཕྲན་བུ་གཅིག་བཅས་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།
དེ་རྗེས་མངའ་སྡེ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང་། མ་འོངས་པར་བོད་མི་རྣམས་ལ་རོགས་རམ་གང་ཐུབ་བྱེད་ཀྱི་ཡིན་སྐོར་གསུང་བཤད་གྲུབ་མཚམས་སུ། མངའ་སྡེ་བློན་ཆེན་མཆོག་ལ་༧གོང་མཆོག་གིས་ཞལ་ཐང་ཞིག་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཕུལ་སོང་ལ། བཀའ་ཁྲི་མཆོག་གི་བཟོ་གྲྭའི་བློན་ཆེན་ཀིར་ཤིན་ཀཱ་པུར་མཆོག་ལ་ཞལ་ཐང་དང་མཇལ་དར་ཕུལ་ཡོད་པ་རེད།
ཕྱི་ཟླ་༥ པའི་ཚེས་༡ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ་འཚོག་གི་ཡོད་པ་དང། སྐབས་དེར་རྒྱ་གར་དབུས་གཞུང་གི་བློན་ཆེན་བྷིར་བྷདར་སིང་མཆོག་ཕེབས་ཀྱི་ཡོད་པ་རེད།།