ལན་དགུ་ཆད་པ་དེ་ལན་དགུ་མཐུད་པའི་དུས་རེད།

དེ་ཡང་ཀརྨ་པ་མཆོག་གིས་གསུང་དོན། ང་ཚོ་ད་ལྟ་བོད་ཀྱི་གནས་སྟངས་དེ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཙམ་གྱི་མཚམས་སུ་སླེབས་བསྡད་པ་ཞིག་རེད། སོ་སོའི་ཁ་ཕྱོགས་དང་འདོད་པ་དེ་དག་གལ་ཆེན་པོ་རེད་དེ་རྒྱལ་ཁབ་དང་མི་རིགས་ལ་བསྡུར་བ་ཡིན་ན་ཆུང་ཆུང་རེད། དེར་བརྟེན་ལན་དགུ་ཆད་པ་དེ་ལན་དགུ་མཐུད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་ཡིན་དུས། འབད་བརྩོན་བྱེད་དགོས་པ་རེད། ༸གོང་ས་མཆོག་གིས་འདབ་གཤོག་གཉིས་ལྡན་ཞིག་དགོས་པ་གལ་ཆེན་པོ་རེད། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་མེད་ན་བོད་མི་ཁོག་པ་སྟོང་པ་ཞིག་ཆགས་པ་རེད་གསུངས་པ་བཞིན་རེད། ཡང་རྙིང་པ་རྐྱང་རྐྱང་མ་གཏོགས་གསར་པ་ཚང་མ་ཆོ་ཡོད་མ་རེད་ཟེར་ནས་རྙིང་ཞེན་བག་འཁུམ་བྱས་བསྡད་ན། བོད་དེ་མིའི་ལག་པར་ཤོར་བ་དེ་རྙིང་ཞེན་བག་འཁུམ་ཆེ་དྲགས་པའི་དབང་གིས་ཕལ་ཆེར་ཤོར་བ་མིན་འགྲོ་དྲན་གྱི་འདུག དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་ཅེས་སོགས་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།
གཞན་ཡང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཉེ་ཆར་ས་ཡོམ་བྱུང་ཁུལ་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་སློབ་མ་རྣམས་ལ་ཟུར་འཕྲད་མཛད་ནས་སེམས་གསོའི་བཀའ་སློབ་ཀྱང་གནང་ཡོད་པ་རེད།།