བོད་མི་ཡོངས་ཀྱིས་དུས་གཅིག་ལ་མྱ་ངན་གུས་འདུད་དང་བསྔོ་སྨོན།
ཟླ་འདིའི་ཚེས་༤ ཉིན་ནི་རྐྱེན་འདས་སུ་སོང་བའི་བོད་མི་རྣམས་ཀྱི་བདུན་ཚིགས་གསུམ་པར་ཁེལ་ཡོད་པས། དུས་གཅིག་ལ་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་ཡོངས་སུ་མྱ་ངན་གུས་འདུད་དང་བསྔོ་སྨོན་མཆོད་འབུལ་ཞུས་ཡོད་པ་རེད། ཉིན་དེའི་ཞོགས་པ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་བསྔོ་སྨོན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་སོང་ལ། དགོན་སྡེ་ཁག་གི་མཁན་པོ་དང་བླ་སྤྲུལ། བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བོད་གཞུང་གི་སྲི་ཞུ་བ་ཡོངས་རྫོགས། དྷ་སའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བས་བསྔོ་སྨོན་གསུངས་པ་དང་བསྟུན་ནས། ས་ཡོམ་གྱི་འཇིགས་པའི་ཁྲོད་ནས་གསོན་པོར་གནས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། འདས་པོ་རྣམས་ལ་བསྔོ་སྨོན་གྱི་ཆེད་དུ་སྐར་མ་གཅིག་གི་རིང་ངག་བཅད་མྱ་ངན་གནང་སོང།
སྐབས་དེར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་ཀྱི་ས་ཁུལ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་ནས། མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད་པ་དང། རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ། བོད་གཞུང་མང་གཉིས་ཀྱི་ངོས་ནས་ས་གནས་གང་སར་བསྔོ་སྨོན་འདུ་ཚོགས་གཞི་རྒྱ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང། དེ་རིང་བདུན་ཚིགས་གསུམ་པ་འདི་ནི་གལ་ཆེ་བའི་བདུན་ཚིགས་ཤིག་ཆགས་ཀྱི་ཡོད་པས། བཙན་བྱོལ་བོད་མི་གནས་ཡུལ་རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ཕྱི་རྒྱལ་ཁག་བཅས། བོད་མི་འདུ་ཚོགས་ཡོད་སའི་ས་གནས་ཁག་ཡོངས་རྫོགས་ནང། དུས་གཅིག་ལ་ས་གནས་སོ་སོའི་སྔ་དྲོའི་ཆུ་ཚོད་༧ དང་སྐར་མ་༤༩ ཐོག་ལ་ཚང་འཛོམས་ཀྱིས། ས་ཡོམ་གྱི་འཇིགས་པར་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། ལྷག་པར་དུ་འདས་པོ་རྣམས་ལ་སྨོན་ལམ་མཚོན་པའི་ཆེད་དུ་སྐར་མ་༡ གི་རིང་ལ་ངག་བཅད་མྱ་ངན་ཞུ་རྒྱུ་དང། དེའི་རྗེས་ལ་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ནི་དེ་རིང་དུས་གཅིག་ལ། བཙན་བྱོལ་བོད་མི་གནས་ཡུལ་ཚང་མའི་ནང་ཞུ་ཡི་ཡོད། དེ་ཡང་འདི་ལྟར་ཞུ་དགོས་ཀྱི་ཡོད་པའི་དགོངས་འཆར་ཕྱོགས་མང་པོ་ཞིག་ནས་ཡོང་གི་ཡོད་པར་བརྟེན། བཀའ་ཤག་གི་ངོས་ནས་གོ་སྒྲིག་ཞུས་ནས་དེ་རིང་འདིར་༧གོང་ས་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས་པ་རེད། དེ་བཞིན་དགེ་འདུན་པ་རྣམ་པས་མཚོན་པའི་བོད་རིགས་ཡོངས་རྫོགས་ས་གནས་ཚང་མའི་ནང་འདི་ལྟར་ཡོད་རེད་ཅེས་གསུངས་སོང།།