རྒྱ་ནག་སྐམ་ས་ཆེན་མོར་ཐེ་ཝན་གྱི་ལས་ཁུངས་དང་པོ།
དེ་ཡང་ཟླ་འདིའི་ཚེས་༤ ཉིན་བྷི་བྷི་སིའི་གསར་འགོད་པས་ཐཱེ་པེ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་མཚོ་ངོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་ལས་ཁུངས་ཤིག རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཙུགས་པ་དེ་ནི། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཐེ་ཝན་གླིང་ཕྲན་ནང་། སྔར་ལས་ཇེ་མང་དུ་འགྲོ་བའི་ཐབས་ལམ་དང། དེ་བཞིན་ཕྱི་ལོ་༡༩༤༩ ནས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གླིང་ཕྲན་གཉིས་དབར་འགལ་ཟླ་བྱུང་བ་ནས་བཟུང། ད་ལྟའི་བར་ཐེ་ཝན་གྱི་ལས་ཁུངས་རྒྱ་ནག་ཏུ་བཙུགས་པ་དང་པོ་ཡིན་པ་དང། ༢༠༠༨ ལོར་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇུའུ་ལ་དབང་ཆ་ཐོབ་པ་ནས་བཟུང། ཕྱོགས་གཉིས་ཀྱི་འགལ་ཟླ་ཉུང་དུ་གཏོང་ཐབས་ལ་ལས་དོན་སྣ་ཚོགས་བསྒྲུབས་ཡོད་པ་དང། ད་ཐེངས་སྐམ་ས་ཆེན་མོར་བཙུགས་པའི་ལས་ཁུངས་འདིའང། ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་ཆེད་དུ་ཡིན་འདུག སྤྱིར་ཐེ་ཝན་གླིང་ཕྲན་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་སྐད་གྲགས་ཅན་ཞིག་ཡིན་པ་དང། ཐེ་ཝན་གྱི་ལས་ཁུངས་གསར་པ་བཙུགས་ནས་ཉིན་རེ་རེའི་ནང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་པ་༣༠༠༠ རེ་ཡོང་གི་ཡོད་པ་དང། དེ་བཞིན་ཁྲོམ་རའི་དཔལ་འབྱོར་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཀྱི་ཡོད་པ་རེད། ཡིན་ནའང་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པས་དཔལ་འབྱོར་ཁོ་ན་ལ་བལྟས་ནས། རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་ལམ་འཛིན་པ་དེ་འབྱུང་འགྱུར་གནས་སྟངས་ལ་བསམ་གཞིག་མ་བྱས་པའི་ལས་དོན་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག །