《རྗེ་ཙོང་ཁ་པ་》ཞེས་པའི་དུས་དེབ་གསར་ཐོན།

je tsongkha paདུས་དེབ་འདོན་དགོས་པའི་དགོས་དམིགས་ནི། རྗེ་ཙོང་ཁ་པའི་དགོངས་བཞེད་དང་། ཡང་དག་པའི་ལྟ་བ། རིག་གནས་བཅས་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་བ་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ལས་ཁུངས་ཟེར་བ་གཉིས་ཀྱིས་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་པ་བརྒྱུད་ནས། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས《རྗེ་ཙོང་ཁ་པ》ཞེས་པའི་དུས་དེབ་དེ་ཉིད་གསར་དུ་འདོན་སྤེལ་བྱས་པ་རེད།    
《རྗེ་ཙོང་ཁ་པ》ཞེས་པའི་དུས་དེབ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྗེ་ཙོང་ཁ་པར་ཞིབ་འཇུག་བྱེད་པའི་དུས་དེབ་ཀྱི་སྟོང་ཆ་བསྐངས་པ་མ་ཟད། རིག་གཞུང་ཐད་ནས་རྩོད་གླེང་བྱེད་པ་དང་། རིག་གཞུང་ཕན་ཚུན་བར་བརྗེ་རེས་བྱེད་པར་སྐུལ་སྤེལ་དང་། རིག་གཞུང་ཐད་ཀྱི་གྲུབ་འབྲས་ཀུན་ལ་ངོམ་ས་ཞིག་ཏུའང་འགྱུར་རྒྱུ་ཡིན་ཚུལ་བོད་ནང་གི་བརྒྱུད་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་འདུག །