དཔེ་མཛོད་ཀྱི་ལས་ཀ་ལས་གལ་ཆེ་བའི་ལས་དོན་གང་ཡང་མེད།

དེ་ཡང་ཟླ་འདིའི་ཚེས་༥ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པ་ལེགས་པར་གྲུབ་ནས་དབུ་འབྱེད་མཛད་སྒོ་གནང་ཡོད་པ་དང། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང། འབྲེལ་ཡོད་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་འགན་འཛིན་དང་དྲུང་ཆེ་ཁག་ཅིག།དྷ་སའི་ཉེ་འཁོར་གྱི་ཤེས་ཡོན་སྡེ་ཚན་དང། དགོན་སྡེ། སློབ་གྲྭ་ཁག་གཅིག་གི་འགན་འཛིན་རྣམ་པ། དེ་བཞིན་འབྲེལ་ཡོད་ཕྱི་རྒྱལ་བ་དང་རྒྱ་གར་གྱི་མི་སྣ། དཔེ་མཛོད་ཁང་གི་ལས་བྱེད་བཅས་ཁྱོན་མི་གྲངས་བརྒྱ་མ་ཟིན་ཙམ་མཛད་སྒོར་མཉམ་ཞུགས་གནང་འདུགlibrary1

དང་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས། ༢༠༠༥ ནས་ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་འགན་འཁུར་ནས། ༧གོང་ས་མཆོག་གི་བཞེད་དགོངས་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་སུ། ཕྱག་ལས་རབ་དང་རིམ་པ་མང་པོ་གནང་ཡོད་པའི་སྐོར་དང། ཁོང་རང་ཉིད་ཕྱི་རྒྱལ་ཁགཏུ་ཡང་ཡང་ཕེབས་ནས་བོད་ཀྱི་རིག་གཞུང་དར་སྤེལ་གཏོང་ཐབས་སུ་ཕྱག་ལས་མང་པོ་གནང་ཡོད་པ་དང། མཁས་པའི་ཁ་རྒྱུན་ལས། བཤད་པ་མི་གཙོ་བསྒྲུབ་པ་གཙོ་ཟེར་བ་བཞིན། ང་ཚོས་ནང་ཁུལ་དུ་བཤད་ནས་བསྡད་པ་ཁོ་ན་མིན་པ། ཕྱི་ལོག་ནང་དར་སྤེལ་གཏོང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་སྐོར་དང། ད་དུང་ཡང་མ་འོངས་པར་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས། རྒྱ་གར་གྱི་གྲོང་ཁྱེར་བྷང་བྷེ་སོགས་སུ་ལས་འཆར་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས་སོང།

དེ་རྗེས་བཀའ་ཁྲི་མཆོག་གིས། སྤྱིར་དགོན་པ་དང་ལྷ་ཁང་སོགས་གཏོར་བཤིག་དང་འཐོར་ཞིག་ཤོར་ནའང། རྡོ་དང་ཤིང་ཆའི་ཆ་རྐྱེན་འཛོམས་ན་བསྐྱར་གསོ་བྱེད་རྒྱུ་ཡོད་པ་རེད། ཡིན་ནའང་། ཤིན་ཏུ་དཀོན་པའི་གསུང་རབ་བཀའ་བསྟན་སོགས་འཐོར་ཞིག་གིས་མེད་པར་ཆགས་སོང་བ་ཡིན་ན། ང་ཚོས་བསྐྱར་གསོ་བྱེད་དགོས་བསམ་ཡང་བྱེད་ཐབས་བྲལ་བ་ཞིག་ཡིན་པས་ངེས་པར་དུ་གཟབ་དགོས་པ་དང། བོད་ནང་རྒྱ་ནག་གཞུང་གིས་ཆེད་དུ་བོད་ཀྱི་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་རེད། འདིར་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས། དགའ་བཞིན་སྤྲོ་བཞིན་བོད་ཀྱི་རིག་གཞུང་ཉམས་ཆག་བཏང་ན་འགྲོ་བ་མིའི་བཟང་སྤྱོད་དང་ལྡོག་ཕྱོགས་སུ་འགྲོ་ཡི་ཡོད་པ་རེད། དེར་བརྟེན་གངས་སྐྱིད་ཀྱི་དཀྱིལ་འཁོར་འདིའི་ནང་། དཔེ་མཛོད་ཀྱི་ལས་ཀ་ལས་གལ་ཆེ་བའི་ལས་དོན་གང་ཡང་ཡོད་མ་རེད། མ་འོངས་པར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་སུ་བོད་མི་ཚོས་བཀའ་བློན་ཁྲི་པ་སུ་རེད། ཆོས་རིག་བཀའ་བློན་སུ་རེད་འདུག་ཟེར་ནས་འཚོལ་གྱི་མ་རེད། དཔེ་མཛོད་ཁང་གིས་བསྒྲིགས་པའི་དེབ་ནང་གི་སྔོན་གླེང་འབྲི་མཁན་དང། དེབ་དེ་རྩོམ་སྒྲིག་བྱེད་མཁན་སུ་རེད་འདུག་བལྟ་ཡི་རེད། དེར་བརྟེན་ཁྱེད་རང་ཚོ་ནོར་ན་ལོ་རྒྱུས་ནང་ལྷག་འགྲོ་ཡི་ཡོད་པ་རེད། བཀའ་བློན་ཚོས་གནས་སྐབས་ནོར་འཁྲུལ་ཤོར་ནའང་། གྲོས་ཚོགས་ནང་གསལ་བཤད་དང་ལན་འདེབས་རེ་བྱས་ནས་གང་ལྟར་འགྲིག་འགྲོ་ཡི་ཡོད་པ་རེད། དཔེ་མཛོད་ཀྱི་ལས་དོན་དེ་ལྟར་མིན་པས་ཚང་མས་གཟབ་གཟབ་བྱེད་དགོས་ཞེས་སོགས་གསུངས་སོང།

བོད་ཀྱི་དཔེ་མཛོད་ཁང་གིས་ཁང་བརྩེགས་གསུམ་ཅན་གྱི་ཚོགས་ཁང་བརྒྱབ་ཡོད་པ་དང།  ཁང་པ་དེ་འཛུགས་སྐྲུན་གྱི་ལས་འཆར་དོ་དམ་པ་དམིགས་བསལ་གྱི་ཨ་རི་ནས་ཕེབས་ཡོད་པ་དང། ས་ཡོམ་སྔོན་འགོག་གི་ཆ་རྐྱེན་སོགས་འཛོམས་པོཡོད་པས། ད་ལྟའི་ཆར་དྷ་ས་ཁུལ་དུ་རྨང་གཞི་བརྟན་པའི་ཁང་པ་འདི་འདྲ་བ་མེད་པ་དང། འཛུགས་སྐྲུན་གྱི་འགྲོ་གྲོན་སྒོར་འབུམ་༡༢༠ ཡོངས་རྫོགས་རྒྱ་གར་གཞུང་གིས་བཏང་བ། དེ་བཞིན་འོག་ཐོག་མཛོད་ཁང་དང་བར་ཐོག་སྒྲ་བསྒྱུར་ཁང་དང་ཚོགས་ཁང་། སྟེང་ཐོག་བོད་ཡིག་དང་དབྱིན་ཡིག་གི་འཛིན་ཁང་བཟོས་ཡོད་པ་རེད་ཅེས། དཔེ་མཛོད་ཀྱི་དྲུང་ཆེས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་སོང། མཛད་སྒོ་དེ་དང་བསྟུན་ནས་པར་རིས་འགྲེམས་སྟོན་ཞིག་ཀྱང་གནང་འདུག་པས། སྐུ་མགྲོན་ཚོར་ཆེད་དུ་འགྲེལ་བརྗོད་ཀྱི་ལམ་ནས་ངོ་སྤྲོད་གནང་སོང།