བཀའ་བརྒྱུད་པའི་དབུ་ཁྲིད་རེས་མོས་གནང་རྒྱུ་རེད་འདུག
དེ་ཡང་བོད་གཞུང་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་དགོངས་དོན་བཞིན། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་ཀྱིི་དབུ་ཁྲིད་རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་ཕེབས་ཕྱོགས་དེ། དགེ་ལུགས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ས་སྐྱ་བའི་སྒྲོལ་མ་ཕོ་བྲང་བདག་ཁྲི་རིན་པོ་ཆེ། དེ་བཞིན་རྙིང་མ་དང་གཡུང་དྲུང་བོན་བཅས་སུ་ཡོངས་གྲགས་ཀྱི་དབུ་ཁྲིད་དམིགས་བཀར་ཡོད་པ་དང་ཕྱོགས་མཚུངས། བཀའ་བརྒྱུད་པ་ལའང་དེ་ལྟར་དམིགས་བཀར་དགོས་པའི་ཆོས་རིག་ལས་ཁུངས་ཀྱི་བཀའ་རྒྱ་ཕེབས་པ་བཞིན། ཟླ་འདིའི་ཚེས་༧ ཉིན་དྷ་སའི་ཉེ་འཁོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་ཀཾ་འབྲུག་འབྲི་སྟག་རང་ཁུངས་སོ་སོ་ནས་ཆེད་གཏོང་ཚོགས་མི་སྐུ་ཚབ་ཆ་སྙོམས་ཡོད་པའི་རྒྱལ་ཡོངས་བཀའ་བརྒྱུད་ནང་ཁུལ་ལྷན་ཚོགས་ཐེངས་དང་པོ་འཚོགས་ཡོད་པ་རེད།
ཚོགས་ཞུགས་པ་རྣམ་པ་ཚོས་བགྲོ་གླེང་གནང་བའི་གྲུབ་འབྲས་རྣམས་ཕྱོགས་བསྡོམས་གཏན་འབེབས་གནང་བའི་གྲོས་ཆོད་དུ། ༡ བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དྲུག་པའི་ནང་གསལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་དབུ་ཁྲིད་ཁོངས། དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་ཀཾ་འབྲུག་འབྲི་སྟག་སོགས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་རེས་མོས་ཀྱིས་ལོ་གསུམ་རེར་བཞུགས་གནང་རྒྱུ། ༢ རེས་མོས་ཀྱི་སྔ་རྗེས་དང་པོ་ཀཾ་ཚང་དང་། གཉིས་པ་འབྲི་གུང། གསུམ་པ་སྟག་ལུང། བཞི་པ་འབྲུག་པ་བཅས་ནས་རིམ་བཞིན་གནང་རྒྱུ་དང་། རེས་མོས་འཁོར་མཚམས་སླར་ཡང་གོ་རིམ་བཞིན་མུ་མཐུད་རེས་མོས་གནང་རྒྱུ།༣ བཀའ་བརྒྱུད་པའི་ཆོས་བརྒྱུད་གཞན་རྣམས་ལ་བཀའ་བརྒྱུད་པའི་དབུ་ཁྲིད་བླ་ཆེན་གྱི་མཛད་འགན་བཞེས་རྒྱུའི་གནས་སྐབས་བྱུང་ཚེ་རིམ་པ་ལྔ་པ་ནས་འགོ་འཛུགས་ཀྱིས་བཀའ་བརྒྱུད་སྤྱི་མཚུངས་ལྟར་དབུ་ཁྲིད་ཀྱི་ཐོབ་ཐང་འབུལ་རྒྱུ་བཅས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཡིན།
དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པ་ཀཾ་འབྲུག་འབྲི་སྟག་སོགས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་རེས་མོས་ཀྱིས་ལོ་གསུམ་རེར་བཞུགས་གནང་རྒྱུ་གཏན་འབེབས་བྱུང་བའི་ནང་ནས། དང་པོ་ཀཾ་ཚང་བཀའ་བརྒྱུད་ཀྱི་གནང་གཏན་འཁེལ་ཡོད་པས། ད་ལྟའི་སྐབས་བླ་ཆེན་སུ་འདེམས་ཐོན་བྱུང་ཡོད་མེད་དང། དཔལ་རྒྱལ་བ་ཀརྨ་པ་མཆོག་བཞུགས་རྒྱུ་ཡིན་མིན་སྐོར་ལ་བཀའ་བརྒྱུད་སྤྱི་འཐུས་འཁོར་ཚ་བསོད་ནམས་དགྲ་འདུལ་ལགས་སུ་འདི་གའི་གསར་འགོད་པའི་བཅར་འདྲི་སྐབས། “དཔལ་རྒྱལ་བ་ཀརྨ་པ་མཆོག་དགུང་ལོ་ཆུང་བ་དང། གསན་བསམ་གནང་དགོས་པ། ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་ལ་བརྟེན་ནས། རྒྱལ་ཡོངས་བཀའ་བརྒྱུད་པའི་ནང་ཁུལ་ལྷན་ཚོགས་མ་འཚོགས་པའི་སྔོན་ནས། དགོངས་ཞུའི་ཕྱག་བྲིས་ཕུལ་ཟིན་པ་རེད། དེ་བཞིན་བླ་ཆེན་སུ་ཕེབས་མིན་ནང་ཁུལ་བཀའ་བསྡུར་གནང་རྒྱུ་ཡིན་པ་ལས། ད་ལྟའི་ཆར་གཏན་འཁེལ་ཡོད་མ་རེད་”ཅེས་གསུངས་བྱུང། །