ཧིན་སྒོར་ས་ཡ་གཉིས་དང་འབུམ་ལྔའི་ཞལ་འདེབས།

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་གྱི་ཕྱི་དྲོར་དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་ནས། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ། རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་དབུ་བཞུགས་ཐོག དྷ་སའི་སེར་སྐྱ་མི་མང་གིས་མཆོད་འབུལ་བསྔོ་སྨོན་གནང་སོང། དེ་བཞིན་བོད་གཞུང་ཟློས་གར་ཚོགས་པས་ཆེད་སྒྲིག་བྱས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་གླུ་གཞས་གཟིགས་འབུལ་གྲུབ་རྗེས། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་སུ་འབྱོར་བའི་ཞལ་འདེབས་ཧིན་སྒོར་༢༥༠༠༠༠༠ ཙམ་གྱི་དངུལ་འཛིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། དྷ་སར་ཆེད་འཛུགས་བྱས་ཡོད་པའི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་གནང་སོང།dasa 11 may 2010
དེ་དང་བསྟུན་ནས་ས་ཡོམ་གདུང་སེལ་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་བློ་ཚེས། ཚོགས་ཆུང་བཙུགས་དགོས་དོན་དང་ད་ལྟའི་བར་ཚོགས་ཆུང་ལ་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་སྐོར། ཞལ་འདེབས་ཀྱི་དངུལ་རྣམས་གོད་ཆག་བྱུང་སའི་མི་མང་གི་ལག་ཏུ་འཕྲོད་ཐབས་སུ། འབད་བརྩོན་བྱས་དང་བྱེད་མུས་ཡིན་སྐོར་གྱི་ངོ་སྤྲོད་བྱས་སོང། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ས་ཡོམ་གྱི་གོད་ཆག་བྱུང་སར་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་དང། ཡང་སྒོས་ས་གནས་ཀྱི་དགེ་འདུན་པ་ཚོའི་རོགས་རམ་ལ་བསྔགས་བརྗོད་དང། རྒྱ་ནག་གཞུང་གིས་བོད་མི་རྐྱེན་ལམ་དུ་སོང་བའི་གྲངས་འབོར་ཁྱབ་བསྒྲགས་བྱས་པ་དེ་འཛམ་གླིང་སྤྱིིའི་གཞུང་གི་ཁྱབ་བསྒྲགས་ཀྱི་འགྲོ་སྟངས་བཞིན། ཚད་ལྡན་དང་ཕུགས་འཕེར་ཞིག་མིན་སྐོར་སོགས་བཀའ་སློབ་གནང་སོང།

དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་ས་ཡོམ་གདུང་སེལ་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་བློ་ཚེ་ལགས་སུ་ད་ལྟའི་སྐབས་ཚོགས་ཆུང་ལ་ཞལ་འདེབས་ཇི་ཙམ་སླེབས་ཡོད་མེད་དང། བོད་ལ་གཏོང་ཐུབ་ཡོད་མེད། ཚོགས་ཆུང་གི་ཕྱག་ལས་ཟླ་བ་༢ ཀྱི་དུས་བཀག་བྱས་ཡོད་པ་ལྟར། དུས་ཚོད་དེའི་ནང་ལེགས་གྲུབ་ཐུབ་ཀྱི་ཡོད་མེད་བཅས་ཀྱི་ཐད་ལ་བཅར་འདྲི་ཞུས་པར།    ཁོང་གིས་ས་ཡོམ་གྱི་གོད་ཆག་བྱུང་མ་ཐག་བཙུགས་པའི་ཚོགས་ཆུང་ལ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གང་ས་ནས་ཞལ་འདེབས་རིམ་པས་ཡོང་གི་འདུག་ལ། ད་ལྟ་ང་ཚོར་འབུམ་༥༠ ཙམ་ཞལ་འདེབས་འབྱོར་སོང། དེའི་ཐོག་ས་གནས་འགོ་འཛིན་བརྒྱུད་དྷ་སའི་མི་མང་གིས་གནང་བའི་ཞལ་འདེབས་བཅས་འབྱོར་ཡོད་པ་རེད། ད་ལྟའི་བར་དངུལ་དེ་དག་བོད་ལ་བཏང་མེད། ང་ཚོའི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཅཱ་ཆི་ལིང་གིས་གསུངས་པ་ལྟར། བོད་ནང་དངོས་སུ་འགྲོ་ཐུབ་པའི་རེ་བ་བརྒྱབ་དང་རྒྱག་བཞིན་པ་ཡིན། སྔོན་མ་གསལ་བསྒྲགས་གཞིར་བཟུང་ཟླ་གྲངས་༢ ནང་ཚོགས་ཆུང་གི་ཞལ་འདེབས་བསྡུ་རུབ་སོགས་ཀྱི་ལས་ཀ་ཆ་ཚང་འགྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་དུས་ཚོད་དེའི་ནང་ཚང་མ་བྱེད་ཐུབ་ཀྱི་རེད་ཅེས་ཐག་བཅད་ནས་བཤད་ཁག་པོ་རེད་འདུག་ཅེས་གསུངས་བྱུང།
བོད་ཀྱི་ས་ཁུལ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བ་ནས་བཟུང། གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཚོས་གོད་ཆག་བྱུང་ཡུལ་གྱི་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་དང། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ཞལ་འདེབས་བསྡུ་རུབ་ས་གནས་གང་ས་ནས་བྱེད་བཞིན་ཡོད་པ་རེད།།