བོད་ཡིག་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག
ཁོང་གིས་དེ་རིང་སེ་ར་ཡིད་དགའ་ཆོས་གླིང་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གིས་གྲོང་སྡེ་སྤྱི་མི་ཚོར་ཟབ་སྦྱོང་ཞིག་སྤྲད་ཀྱི་འདུག་པ་དེ་རུ་འགྲོ་ཟེར། སྐབས་དེར་ཆུ་ཚོད་བརྒྱད་དང་ཕྱེད་ཏག་ཏག་རེད་ལ། ང་ནི་ནམ་ཡང་འགྲོ་ཆོག་ཆོག་ལྟར་ཡོད་ཙང་ལམ་སང་སྦག་སྦག་ཞོན་ནས་བདེ་སླར་གཞིས་གྲོང་དྲུག་པ་ནས་ཐོན་ཏེ་སེ་རའི་ཕྱོགས་སུ་བྱ་འཕུར་བ་ལྟར་བསྐྱོད་པ་ཡིན། ང་དམིགས་སར་སླེབས་སྐབས་རོགས་པ་ཚོ་སླེབས་ཟིན་འདུག་ལ། ཟབ་སྦྱོང་ཡང་འགོ་འཛུགས་བྱེད་བཞིན་འདུག ཟབ་སྦྱོང་གཙོ་སྐྱོང་བ་འགན་འཛིན་ཀརྨ་ལེགས་བཤད་ཀྱིས་ཚོགས་པ་དེའི་བྱུང་རབས་དང་ཟབ་སྦྱོང་གི་དགོས་དམིགས་བཅས་འགྲེལ་བཤད་བྱས་སོང་། ཁོང་གི་གཏམ་བཤད་ནི་དེ་འདྲའི་གོ་རིམ་འགྲིག་པོ་དང་སྙན་འཇེབས་ལྡན་པ་ཞིག་མིན་ན་ཡང་། ནང་དོན་གྱི་ཆ་ནས་དོན་སྙིང་ལྡན་པ་ཞིག་སྟེ། ཁོང་གིས་ཀུན་ཁྱབ་ཀྱི་བསམ་བློ་དང་འགན་ཁུར་ཀྱི་བསམ་བློ་ལྡན་པའི་ཚོགས་པ་དེའི་བོད་མིའི་བདེ་འཇགས་དང་མཐུན་སྒྲིལ། ཆིག་སྒྲིལ་གོང་སྤེལ་བྱེད་རྒྱུ་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་ཡང་འགན་ཁུར་བྱེད་པའི་བསམ་བློ་ཆེན་པོ་ཡོད་པ་བཅས་གླེང་བ་ནི་ཧ་ཅང་གི་ཡིད་དབང་འཕྲོག་པ་ཞིག་རེད། ངོ་མ་བཤད་ན་ང་དེ་རིང་གི་ཟབ་སྦྱོང་དེའི་ཆ་ཤས་ལེན་དུ་འོང་པ་མིན་ཡང་ཉམ་ཞུགས་བྱེད་སྙིང་སྤྲོ་སོང་། དེ་ལྟར་ཟབ་སྦྱོང་གི་སྔོན་འགྲོ་གྲུབ་ནས་གསོལ་ཇའི་བར་གསེང་རྗེས་སུ་ལས་རོགས་ཀྱིས་ཟབ་ཁྲིད་བྱེད་འགོ་བཙུགས། ཁོས་དང་པོ་བོད་སྐད་ཀྱི་འགྲོ་སོང་མང་པོ་བཏང་ནས་རྩོད་རྙོག་ཅེས་པའི་གོ་དོན་ངོ་སྤྲོད་བྱས་པ་དང་། དབྱིན་སྐད་ལ་ཁུངས་གཏུག་ནས་ནག་པང་ཐོག་ conflict ཅེས་པའི་ཡི་གེ་འབྲི་འདི་བྲིས། རྩོད་རྙོག་ཅེས་པ་རྣ་བར་གོ་སྐབས་ཁྱེད་ཚོར་སེམས་ཚོར་ག་རེ་ཡོང་གི་འདུག་ཅེས་པའི་དྲིས་ལན་རྣམས་ཚིག་འབྲུ་རེ་རེའི་གོ་དོན་ཐོག་ནས་ conflict ཅེས་པའི་མཐའ་སྐོར་དུ་དབྱིན་བོད་འདྲེས་མའི་མིང་ཚིག་འགའ་འབྲི་འགོ་བརྩམས་སོང་། སྐབས་འདིར་ང་ལ་དོ་སྣང་བྱུང་ས་གཙོ་བོ་ནི་བོད་ཡིག་གི་མིང་ཚིག་ག་ཚོད་ཅིག་ལ་ནག་པང་འདིའི་ཐོག་གི་རྐུབ་སྟེགས་རག་གི་ཡོད་མེད་དེ་རེད། ངས་གཟབ་གཟབ་ནན་ནན་གྱིས་མིག་ཟུང་ཅེར་ནས་བལྟས་པ་ཡིན། དང་པོ་བོད་ཡིག་གི་ཚིག་གཉིས་ལ་འཕྲོ་རིམ་འཕྲོ་བྱས་ནས་རྐུབ་སྟེགས་རག་སོང་བས། ངས་དབྱིན་ཡིག་གི་སྙིང་དོན་འདིའི་མཐའ་ཡི་ལྕགས་རི་ནི་བོད་ཡིག་ཁོ་ན་ལ་དབང་ཚོད་འདུག་སྙམ་པའི་སྤོབས་པ་དང་རེ་བས་འཕར་བཞིན་སེམས་པ་རང་བཞིན་གྱིས་སྤྲོ་བས་ཁེང་བཞིན་སོང་ན་ཡང་། ཅུང་མ་འགོར་བར་འབྱུང་བཞིན་པའི་རྐུབ་སྟེགས་རྣམས་ནི་དབྱིན་ཡིག་ཁོ་ན་ལ་སྦྱིན་སོང་བ་འདིས་ང་ནི་རྦད་དེ་ཁ་སྐྱེངས་ཡིད་སྐྱོ་ཡི་གནས་སུ་འཕངས། ངའི་སེམས་ནང་ལ་ང་ཚོ་བོད་པ་རང་ཉིད་ལ་གོ་སྐབས་ཡོད་བཞིན་དུ་རང་ཉིད་ཀྱི་སྐད་ཡིག་ལ་འགན་ཁུར་མི་བྱེད་པར་འདི་ལྟ་བུའི་མཐོང་ཆུང་དང་སྣང་མེད་བྱེད་པ་ནི་ཧ་ཅང་ཐ་ཆད་དང་བློ་ཕམ་གྱི་རང་བཞིན་ཁོ་ན་རེད་བསམ་ནས་མི་སྐྱིད་པའི་ཚོར་བ་ཞིག་གིས་སྙིང་ཁམས་སྐྱོམ་སྐྱོམ་བྱས། སྐབས་འདིར་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་གཏམ་དཔེ་ལྟར། ཀརྨ་ལེགས་བཤད་ལགས་ཡོང་ནས་ཟབ་ཁྲིད་པས་བྲིས་པའི་མིང་ཚིག་རྣམས་ཀྱི་ཐོག་དབྱིན་ཡིག་n གྱི་མཚོད་རྟགས་རེ་བརྒྱབ་ནས་བོད་ཡིག་གི་མིང་ཚིག་རྐང་གཉིས་ཡོད་པ་དེ་ཡང་དབྱིན་ཡིག་nགྱི་ཞྭ་མོ་གྱོན་པའི་གཉའ་ཆགས་ནུས་མེད་ཞིག་ཏུ་བསྒྱུར་སོང་བས། ང་ནི་སེམས་གཏིང་ནས་ཡི་ཆད་པར་གྱུར་། ད་ནི་ཟབ་ཁྲིད་པའི་གསུང་བཤད་ནང་དབྱིན་ཚིག་གི་སུམ་འཛུལ་ཇེ་རྒོད་རེད་ལ། ཟབ་སྦྱོང་གི་བྲོ་བ་ཡང་གཏིང་ནས་བརླགས་སོང་། ཉིན་གུང་གི་ཟ་མ་ཟོས་ནས་རང་ཁྱིམ་ལ་ལོག་ཡོང་བ་ཡིན། ང་རང་ཁྱིམ་ལ་འབྱོར་རྗེས་རང་ཉིད་ཆེས་དགའ་སའི་བོད་ཡིག་དཔེ་དེབ་ཅིག་གི་བྲོ་བ་རོལ་ནས་ཉི་མ་བསྐྱལ་བ་ཡིན། བོད་ཡིག་གི་དཔེ་དེབ་ཀློག་པ་ནི་ང་ཆེས་དགའ་བའི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་རེད། བོད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་རེད་ལ། ངའི་མི་ཚེའི་འཚོ་རྟེན་ཡང་རེད། བོད་ཡིག་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་ཡིག་འཛམ་གླིང་ལ་ཁྱབ་གྱུར་ཅིག ༢༠༡༠ ཟླ་ ༥ ཚེས་ ༡༠ ཉིན།