བདུན་ཚིགས་བཞི་པའི་བསྔོ་སྨོན།
བོད་པས་བོད་ལ་སེམས་ཁུར་མེད་གྱུར་ན༎
རྒྱ་མིས་རྒྱ་ཆེའི་བོད་ལ་ལྟ་འམ་ཅི༎
བདག་དང་བདག་ལ་གཅེས་པའི་བོད་རིགས་ཚོ༎
རང་དོན་རང་གིས་བསྒྲུབ་ན་མི་ལེགས་སམ༎
ཤ་དང་ཁྲག་གི་འབྲེལ་བ་གྲུབ་པའི་ཕྱིར༎
མ་ཎི་བསྔོ་སྨོན་སོགས་ལ་བོད་ཅིག་དང༌༎
ཤི་བོའི་སྤུན་ཟླ་ཚོ་ལ་ཕྱི་མའི་ལམ༎
ངེས་སྟོན་ཐུབ་པ་ལུང་གིས་བསྟན་ཡོད་དོ༎
རང་ཉིད་རྟག་བརྟན་འགྱུར་མེད་མ་བསམས་ཤིག།
རང་གིས་གང་མཐོང་མི་རྟག་འཆི་བ་འདི༎
རང་ཉིད་ཐོག་ཏུ་ནམ་ཞིག་འོང་བ་ཡང་༎
རང་བཞིན་འཇིག་རྟེན་འདི་ཡི་ཆོས་ཉིད་ལགས༎
འདས་པོ་འདི་དག་འབྱུང་བའི་འཆི་བ་བཞིན༎
ནམ་ཞིག་ང་ཚོ་ལ་ཡང་ངེས་པར་འབྱུང་༎
ཚུལ་བཞིན་བསམས་ནས་དམ་ཆོས་དགེ་བ་ལ༎
དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པར་རིགས༎
དུས་མིན་འཆི་བ་འདི་ལྟར་བྱུང་བ་ན༎
དེ་ཡི་མོད་ལ་ཕྱག་ན་པད་མོ་སྐུ༎
གསལ་བར་མཇལ་ནས་བདེ་བ་ཅན་གྱི་ལམ།
བདེ་བར་འཁྲིད་ཅིང་ངན་སོང་ལས་ཐར་ཤོག། ༎